དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ལྷོ་ཕྱོགས་དང་དབུས་ཁུལ་དུ་འགས་གཏོར་བཏང་སྟེ་ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་བཏང་།
2024.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས18ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས17ཉིན་གྱི་དགོང་མོར་ཅ་ཧྲའི་ལྷོ་ཕྱོགས་དང་དབུས་ཁུལ་གྱི་ས་ཆ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་བཏང་།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས17ཉིན་གྱི་དགོང་མོ་ནས་བཟུང་ཅ་ཧྲའི་ལྷོ་ཕྱོགས་ཀྱི་ལ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་བཏང་བ་དང་མི་བཅུ་ཕྲག་འགའ་རྨས།   ཚེས18ཉིན་ཅ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སི་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ལ་དབྱི་སི་རལ་གྱི་དམག་གིས་འཕངས་པའི་སྒྱོགས་མདེལ་ཕོག་སྟེ། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག   དེ་ལས་གཞན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས18ཉིན་གྱི་ཐོ་རེངས་དུས་སུ་ཅ་ཧྲའི་དབུལ་ཁུལ་གྱི་ཀྲ་ཝ་དབྱི་ཏའི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་བཏང་བ་རེད།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས18ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅ་ཧྲའི་ལྷོ་ཕྱོགས་ཀྱི་ཆེས་ཆེ་བའི་སྨན་ཁང་སྟེ་ནཱ་སེ་ཨར་སྨན་ཁང་ལ་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་ཐེབས་པས་ལས་མཚམས་བཞག་པ་རེད། ཚེས15ཉིན་ནས་བཟུང་དབྱི་སི་རལ་དམག་དཔུང་གིས་སྨན་ཁང་ལ་རྒོལ་བའི་ཚུན་ལ། ནད་པ་བདུན་དབུགས་ལེན་འཕྲུལ་ཆས་ལ་གློག་ཆད་ནས་དབྱང་དབུགས་ཀྱིས་མ་འདང་བར་རྐྱེན་ལམ་དུ་ཤོར་བ་རེད།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས18ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་བརྒྱ་དང་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་ལྔར་རྨས་ཕོག   ན་ནིང་གི་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་གཉིས་དང་སྟོང་དགུ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་དང་སྟོང་བརྒྱད་ལྷག་ལ་རྨས་ཕོག་པ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།