མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་ལི་པི་ཡའི་ཕྱོགས་སོ་སོས་ཆབ་སྲིད་ཀྱི་རྩོད་གཞི་ཚང་མ་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་བཏང་།
2024.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ2པའི་ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ། ལི་པི་ཡའི་གནད་དོན་གྱི་དམིགས་བསལ་འཐུས་མི་པཱ་ཏིས་ལིས་ཀྱིས་གསལ་བསྒྲགས་སྤེལ་ཏེ། ལི་པི་ཡའི་ཕྱོགས་ཁག་སོ་སོའི་འགོ་ཁྲིད་པས་མཐུན་སྒྲིལ་བྱས་ནས་ཆབ་སྲིད་ཀྱི་རྩོད་གཞི་ཡོད་ཚད་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།

པཱ་ཏིས་ལིས་ཀྱིས་བཤད་རྒྱུར། ལི་པི་ཡའི་མིག་སྔའི་ཆབ་སྲིད་གནས་བབ་ཀྱིས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད་ཟེར། ཁོས་ལི་པི་ཡའི་མི་ཚང་མས་སྤྱི་ཚོགས་མགྱོགས་མྱུར་ངང་གསར་འཛུགས་དང་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ། རྒྱལ་ཁབ་ཀྱི་བདག་དབང་དང་རྩིས་ཐང་གང་མགྱོགས་ངང་སླར་གསོ་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད་ཟེར། ཁོས་ལི་པི་ཡའི་ཕྱོགས་ཁག་སོ་སོའི་འགོ་ཁྲིད་པས་མཉམ་དུ་འབད་བརྩོན་བྱས་ཏེ། མཐུན་སྒྲིལ་ལྡན་པའི་རྒྱལ་ཁབ་ཅིག་བསྐྲུན་རྒྱུའི་འབོད་སྐུལ་བཏང་།

2011ལོའི་ཟླ2པའི་ཚེས17ཉིན། ལི་པི་ཡ་རུ་ཁ་ཀྲ་ཧྥེ་ཡི་སྲིད་དབང་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཁ་ཀྲ་ཧྥེ་སྲིད་དབང་རྩ་གཏོར་བཏང་རྗེས་ལི་པི་ཡ་ཧྲིལ་བོ་ཟང་ཟིང་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ཚོད་འཛིན་བྱས་པ་དང་། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས“རྒྱལ་དམངས་དམག”དང་མནའ་འབྲེལ་བྱས་ནས། ལི་པི་ཡའི་མངའ་ཁོངས་སུ་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཁ་གཏད་དུ་ལངས་ཏེ་ཕན་ཚུན་འཁྲུག་རྩོད་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདུམ་འགྲིག་འོག་ཏུ། ལི་པི་ཡའི་འཁྲུག་རྩོད་བྱུང་བའི་ཕྱོགས་སོ་སོས2020ལོའི་ཟླ10པར་སུའེ་ཙེར་གྱི་རི་ནེ་ཝ་རུ་འཁྲུག་རྩོད་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་བཀོད་པར་མ་ཟད། ལོ་དེའི་ཟླ11པའི་ནང་། ཐུ་ནི་སི་རུ་འཚོགས་པའི་ཆབ་སྲིད་ཀྱི་གྲོས་མོལ་སྐབས་སུ། “འདེམ་བསྐོའི་ཕྱོགས་སུ་བསྐྱོད་པའི་འཆར་གཞིའི”ཐད་ནས་ངོས་འཛིན་གཅིག་མཐུན་བྱུང་ནའང་། དེའི་རྗེས་སུ་རྒྱུ་རྐྱེན་གང་མང་གི་དབང་གིས།  ལི་པི་ཡའི་གྲོས་ཚོགས་དང་ཙུང་ཐུང་འདེམ་བསྐོ་དུས་ངེས་མེད་དུ་འགོར་འགྱངས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།