ཟླ2པའི་ཚེས18ཉིན། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ཐུའུ་ལེ་ཁེར་མུའུ་དང་ན་པུའུ་ལུའུ་ཟི་རུ་ཕ་ལེ་སི་ཐན་གྱི་མི་གསུམ་བསད་ཟེར།
ཕ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཉིན་དེར་ཐུའུ་ལེ་ཁེར་མུའུ་ཡི་ཡུལ་གྱར་པའི་སྒར་ས་རུ་དམག་དོན་འགུལ་སྐྱོད་སྤེལ་ནས། ས་གནས་དེ་གའི་ཕ་ལེ་སི་ཐན་པའི་བར་དུ་འཁྲུག་རྩོད་བྱུང་ཡོད། ཡུལ་དངོས་ནས་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་ཐོས་ཐུབ་ཟེར། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། འཁྲུག་རྩོད་དེའི་ཁྲོད་དབྱི་སི་རལ་གྱི་དམག་གིས་མེ་མདས་བརྒྱབ་ནས་ཕ་ལེ་སི་ཐན་གྱི་མི་གཉིས་བསད་པ་དང་མི་གཉིས་རྨས་ཡོད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི་ཞིག་ལ་འཁྲུག་རྩོད་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཟེར།
ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ན་པུའུ་ལུའུ་ཟིའི་ཉེ་འགྲམ་གྱི་ཞིབ་བཤེར་ས་ཚིགས་ཤིག་ཏུ་ཕ་ལེ་སི་ཐན་པ་ཞིག་ལ་མེ་མདས་བརྒྱབ་ནས་བསད་ཡོད་ཅིང་། དབྱི་སི་རལ་ཕྱོགས་ཀྱིས་དོན་རྐྱེན་དེའི་ཐད་ལན་ཅི་ཡང་བྱིན་མེད་ཟེར།
ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ན་ནིང་གི་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། ཅོར་ཏན་གཙང་བོའི་ནུབ་ངོགས་ཀྱི་འཁྲུག་རྩོད་ཁྲོད་ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི་སུམ་བརྒྱ་དང་གོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།