ས་གནས་དེ་གའི་དུས་ཚོད་ཟླ2པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཁི་ཨར་ཏོ་ཝ་རུ་སི་ཕན་གྱི་ཕྱི་འབྲེལ་བློན་ཆེན་ཨར་ཝ་ལའེ་སི་དང་གྲོས་མོལ་གནང་།
ཝང་དབྱི་ཡིས་བཤད་རྒྱུར། ད་ཐེངས་ཀྱི་འཚམས་འདྲི་འདི་ཀྲུང་གོ་དང་སི་ཕན་གྱི་འབྲེལ་བའི་ཐད་གསར་དུ་ལོ50་ཡི་འགོ་རྩོམ་པ་དང་འཁེལ་ཡོད་པས། འདི་ནི་ཉམས་མྱོང་ཕྱོགས་སྡོམ་དང་མ་འོངས་པར་རྒྱང་ལྟ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་སི་ཕན་གྱི་འབྲེལ་བ་རྗེས་ཕྱོགས་ཀྱི་ལོ50རིང་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སི་ཕན་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཆེན་པོ་དང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་ཡིན་པས། རྒྱལ་སྤྱི་དང་ས་ཁུལ་ལ་ཤུགས་རྐྱེན་དང་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕན་ཕྱོགས་དང་མཉམ་དུ་འཛམ་གླིང་ཧྲིལ་བོའི་མིག་རྒྱང་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་གོ་དང་སི་ཕན་གྱི་འབྲེལ་བར་སྟངས་འཛིན་བྱས་ཏེ་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་བརྟན་འཇགས་དང་དངོས་སྒྲུབ་མཉམ་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཀྲུང་གོ་དང་སི་ཕན་གྱི་འབྲེལ་བ་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་མདུན་གྲལ་དུ་རྒྱུན་མཐུད་ངང་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། སི་ཕན་གྱིས་མངའ་ཁོངས་ཆ་ཚང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་སི་ཕན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པས་ཚང་མས་ཕྱོགས་མང་རིང་ལུགས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་ཏེ་མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་གི་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས།
ཝང་དབྱི་ཡིས་བསྟན་དོན། ཀྲུང་གོའི་ཁྲོམ་ར་མགྱོགས་མྱུར་ངང་འཕར་བ་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་འཛམ་གླིང་ཧྲིལ་པོར་མུ་མཐུད་དུ་སྒོ་མོ་འབྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ཕན་གྱི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ང་ཚོས་སི་ཕན་དང་མཉམ་དུ་སྒོ་འབྱེད་གཉིས་ཕན་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་པ་དང་། ལག་གདང་སྦྲེལ་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ཏེ་ཀུན་ལ་ཕན་ཞིང་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཨར་ཝ་ལའེ་སི་ཡིས་ཀྲུང་གོའི་འབྲུག་ལོའི་ལོ་སར་ལ་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ན་ནིང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། རིག་གནས་དང་ཡུལ་སྐོར་ལོའི་བྱེད་སྒོ་སྤེལ་འགོ་ཚུགས་ལ། དབུ་བཞུགས་བློན་ཆེན་སང་ཆེ་སི་ཡིས་རྒྱལ་ཁའི་ངང་ཀྲུང་གོར་འཚམས་འདྲི་གནང་བར་མ་ཟད། སི་ཕན་གྱིས་ད་དུང་ཡོ་རོབ་དང་ཀྲུང་གོའི་འགོ་ཁྲིད་མི་སྣའི་ཐུག་འཕྲད་རྒྱལ་ཁའི་ངང་གཉེར་རྒྱུར་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བྱས། སི་ཕན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་འཛུགས་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། སི་ཕན་གྱིས་སྒོ་འབྱེད་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་དངུལ་གཏོང་བྱེད་པར་དགའ་བསུ་ཞུས་ཏེ་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་འདྲ་མཉམ་དང་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས།
ཕྱོགས་གཉིས་ཀྱིས་གློག་འཕྲིན་དང་། སྨན་བཅོས། གློག་སྒུལ་རླངས་འཁོར། ལྗང་མདོག་ནུས་ཁུངས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱུང་།
ཕྱོགས་གཉིས་ཀྱིས་རིག་གནས་དང་ཡུལ་སྐོར་ལོའི་དགེ་མཚན་ལྡན་པའི་ཕན་འབྲས་རྒྱུན་མཐུད་བྱས་ནས་མི་དམངས་བར་གྱི་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་བྱུང་། སི་ཕན་གྱིས་ཀྲུང་གོ་ཕྱོགས་ཀྱིས་སི་ཕན་གྱི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་དང་མཛའ་གྲོགས་མཚོན་པར་བྱས་པར་བཀའ་དྲིན་ཞུས་ཤིང་། སི་ཕན་གྱིས་ཀྱང་ཀྲུང་གོའི་ཡུལ་སྐོར་པ་སི་ཕན་དུ་བསྐྱོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གསུངས།
ཕྱོགས་གཉིས་ཀྱིས་ད་དུང་རྒྱལ་སྤྱི་དང་ས་ཁུལ་གྱི་གྲོས་གཞིའི་སྐོར་ནས་ལྟ་ཚུལ་བརྗེ་རེས་ཟབ་མོ་བྱས།
ཤ་བོ་གསེར་མཚོས་བསྒྱུར།