ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་པས་དབྱིན་ཇིའི་ཟོང་འདྲེན་གྲུ་གཟིངས་ལ་འཕུར་མདེལ་འཕངས་ནས་གནོད་འཚེ་ཚབས་ཆེན་བཟོས། 
2024.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས་ཚེས19ཉིན་བཤད་རྒྱུར། ཧུའུ་སའེ་དྲག་ཆས་པས་ཡ་ཏེན་མཚོ་ཁུག་ཏུ་འགྲུལ་སྐྱོད་བྱེད་པའི་དབྱིན་ཇིའི་ཟོང་འདྲེན་གྲུ་གཟིངས་ཤིག་ལ་འཕུར་མདེལ་འཕངས་པ་དང་དམིགས་འབེན་ལ་ཕོག་ཡོད་ཟེར། 

ས་ལུའེ་ཡ་ཡིས་བཤད་རྒྱུར། འཕུར་མདེལ་ཕོག་པའི་ཟོང་འདྲེན་གྲུ་གཟིངས་ནི“ལུའུ་པིས་མ་ཨར”རྟགས་ཅན་གྱི་གྲུ་གཟིངས་ཡིན་ཞིང་། པའོ་ལི་ཚིའི་རྒྱལ་དར་བཀལ་ཡོདལ། དེ་ནི་དབྱིན་ཇིར་ཐོ་འགོད་བྱས་པའི་ཟོང་འདྲེན་གྲུ་གཟིངས་ཤིག་རེད་ཟེར། 

ས་ལུའེ་ཡ་ཡིས་ཞིབ་ཕྲའི་འཕུར་མདེལ་འཕངས་པའི་དུས་ཚོད་དང་ས་གནས་ཕྱིར་བསྒྲགས་བྱས་མེད། ཁོས་ཟོང་འདྲེན་གྲུ་གཟིངས་དེར“ཆག་སྒོ་རང་བཞིན་གྱི་གནོད་འཚེ”ཕོག་ནས་མིག་སྔར་མཚོ་ཐོག་ཏུ་སྐྱོད་ཐབས་བྲལ་ཟེར།

དབྱིན་ཇིའི་མཚོ་ཐོག་ཚོང་དོན་བྱ་འགུལ་གཞུང་སྒྲུབ་ཁང་གིས་ཚེས18ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་དམར་ལྷོ་རྒྱུད་དུ་འགྲུལ་སྐྱོད་བྱེད་པའི་ཟོང་འདྲེན་གྲུ་གཟིངས་ཤིག་ལ་ཉིན་དེར་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་པ་དང་། འཕུར་མདེལ་དེ་གྲུ་གཟིངས་ཉེ་འགྲམ་དུ་འབར་གས་བྱུང་ནས་གྲུ་གཟིངས་ལ་གཏོར་བརླག་ཐེབས་པ་དང་གྲུ་པར་རྨས་སྐྱོན་ཕོག་མེད། ཚེས19ཉིན་གཞུང་སྒྲུབ་ཁང་དེས་གནས་ཚུལ་གསར་བརྗེས་བྱས་ནས་འཇབ་རྒོལ་ཐེབས་པའི་གྲུ་གཟིངས་ཀྱི་གྲུ་པས་གྲུ་གཟིངས་བསྐྱུར་བར་བརྟེན་མིག་སྔར་གྲུ་གཟིངས་དེ་མཚོ་དམར་གྱི་མཚོ་ཁོངས་ཤིག་ཏུ་བསྡད་ཡོད་ཅེས་བཤད། གཞུང་སྒྲུབ་ཁང་འདིས་འཇབ་རྒོལ་ཐེབས་པའི་གྲུ་གཟིངས་ཀྱི་མིང་ཁྱབ་བསྒྲགས་བྱས་མེད། 

གཞན་ཡང་ས་ལུའེ་ཡ་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། ཧུའུ་སའེ་དྲག་ཆས་ཀྱིས་ཧུང་ཧའེ་གྲོང་ཁྱེར་ཧི་ཐའེ་ཏ་ནས་ཨ་མེ་རི་ཁའིMQ-9རྟགས་ཅན་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ་རེད། 

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས18ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས17ཉིན་ཧུའུ་སའེ་དྲག་ཆས་དམིགས་འབེན་ལ“རང་སྲུང་རང་བཞིན”གྱི་མཁའ་རྒོལ་ཐེངས་ལྔ་བྱས་ཡོད། ཧུའུ་སའེ་དྲག་ཆས་ཀྱིས་ཐོག་དང་པོར་མི་མེད་མཚོ་འོག་གི་མཚོ་འགྲུལ་ཡོ་བྱད་སྤྱད་དེ་ཧུང་ཧའེ་མཁའ་ལམ་དུ་ཚུར་རྒོལ་བྱ་རྒྱུའི་རེ་ངན་བཅངས་ཡོད་ཟེར།

རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ན་ནིང་ཟླ10པར་བྱུང་རྗེས་ཧུའུ་སའེ་དྲག་ཆས་ཀྱིས་ཧུང་ཧའེ་ཆུ་ཁོངས་སུ་དབྱི་སི་རལ་དང་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་འཇབ་རྒོལ་ཡང་ཡང་བྱས་ནས་ཕ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱས་པ་རེད། ད་ལོའི་ཟླ1པོའི་ཚེས12ཉིན་ནས་བཟུང་ཨ་མེ་རི་ཁ་དང་དབྱིན་ཇིས་ཧུའུ་སའེ་དྲག་ཆས་དམིགས་འབེན་ལ་མཁའ་རྒོལ་བསྟུད་མར་བྱས་པས་མི་མང་པོར་ཤི་རྨས་བྱུང་ཡོད། རྒྱལ་ཁབ་ཁག་གཅིག་གིས་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་སྟེ་དེ་ནི་ཡེ་མིན་གྱི་བདག་དབང་ལ་བཙན་གནོད་བྱས་པ་ཞིག་ཡིན་པས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྲོ་སྲིད་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། 

ཤ་བོ་གསེར་མཚོས་བསྒྱུར།