འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་འགའི་སྔོན་ལ་ཆུ་འདོན་སྒྲིག་ཆས་ཆུང་གྲས་ཀྱི་ཆུ་སྤུས་ཇེ་ལེགས་སུ་གཏོང་རྒྱུ་དང་། བདེ་འཇགས་དང་བློ་གཏད་ཆོག་པའི་ཆུ་མཁོ་འདོན་བྱ་རྒྱུ། ཆུ་དང་འབྲེལ་བའི་འགོས་ནད་འགོག་བཅོས་བཅས་ཀྱི་འཐུང་ཆུའི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་སོ་སོས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་བཟོ་སྐབས་ཆུ་འདོན་གྱི་བདེ་འཇགས་ལ་བསམ་གཞིགས་གང་ལེགས་གཏོང་རྒྱུའི་འབོད་སྐུལ་བཏང་།
ཕྱོགས་སྟོན་དེ་ལྟར་ན། འཛམ་གླིང་ཧྲིལ་བོའི་མི་འབོར་མང་བོའི་འཐུང་ཆུ་ནི་ཆུ་འདོན་སྒྲིག་ཆས་ཆུང་གྲས་ལས་བྱུང་བ་ཡིན་པ་དང་། དེའི་ཁྱབ་ཁོངས་ནང་ཁྱིམ་ཚང་གཅིག་གི་ཁྲོན་པ་ནས་གཞིས་ཁུལ་ཡོངས་ལ་ཆུ་མཁོ་འདོན་བྱེད་པའི་སྦུག་ལམ་ཡང་འདུ།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར། 2022ལོར་སྔར་བཞིན་མི་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ཀྱིས་བདེ་འཇགས་ཀྱི་ཆུ་འཐུང་ཐུབ་མེད་པའི་ནང་དུ་མི་མང་ཆེ་བས་གྲོང་གསེབ་ཏུ་འཚོ་བ་སྐྱེལ་གྱིན་ཡོད་པ་དང་། ས་ཁུལ་དེ་དག་གིས་རྒྱུན་དུ་འཐུང་ཆུ་མཁོ་འདོན་གྱི་སྒྲིག་ཆས་ཆུང་གྲས་བཀོལ་སྤྱོད་བྱེད་ཀྱིན་ཡོད། སྒྲིག་ཆས་དེ་དག་རྟག་ཏུ་ལག་རྩལ་དང་ཐོན་ཁུངས་ཐད་ཀྱི་འགྲན་སློང་ལ་འཕྲད་པ་དང་། དེའི་ཆུ་འདོན་གྱི་བདེ་འཇགས་དང་བློས་འགེལ་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། དེ་དག་ལ་འཐུང་ཆུའི་བདེ་འཇགས་དང་འབྲེལ་བའི་ཞན་ཆ་འབྱུང་སྲིད་པས། ཆུ་དང་འབྲེལ་བའི་འགོས་ནད་འབྱུང་བ་དང་། སྤྱི་ཚོགས་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག བདེ་ཐང་བཅས་ཀྱི་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས་མཱ་ལིས་ཡ·ནེ་ལ་ཡིས་ཆུ་འདོན་སྒྲིག་ཆས་ཆུང་གྲས་ཐད་དངུལ་གཏོང་བྱེད་པར་འཐབ་ཇུས་ཀྱི་དོན་སྙིང་ཉིས་བརྩེགས་ལྡན་ཡོད་པ་སྟེ། ཆུ་དང་འབྲེལ་བའི་འགོས་ནད་ཕོག་ཚད་ནུས་ལྡན་ངང་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། ནད་རིགས་སྔོན་འགོག་དང་འབྲེལ་བ་ཡོད་པའི་སྤྱིའི་འགྲོ་སོང་་ཡང་ཇེ་ཉུང་དུ་གཏོང་ཐུབ་ཟེར། ནེ་ལ་ཡིས་བཤད་རྒྱུར། ཆུ་འདོན་སྒྲིག་ཆས་ཆུང་གྲས་ལ་གནམ་གཤིས་འགྱུར་ལྡོག་ལས་ཆུ་སྤུས་དང་ཆུ་མང་ཉུང་ལ་ཤུགས་རྐྱེན་ཐེབས་སླ་བས་མི་ཚང་མར་བདེ་འཇགས་ཀྱི་འཐུང་ཆུ་མཁོ་འདོན་བྱེད་པར་སྔར་ལས་དགོས་གལ་རང་བཞིན་ཆེན་པོ་ལྡན་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བདེ་འཇགས་འཐུང་ཆུའི་སྒྲོམ་གཞིའི་རྨང་གཞིའི་སྟེང་ཕྱོགས་སྟོན་དེས་གྲོས་འགོ་གསར་བ་དྲུག་བཏོན་པ་དེ་བདེ་ཐང་དང་ཡུལ་བབ་དང་བསྟུན་པའི་འཐུང་ཆུའི་སྤུས་ཚད་ཀྱི་ཁྲིམས་སྲོལ་དང་ཚད་གཞི་བཟོ་བ་དང་། ཆུའི་བདེ་འཇགས་འཆར་འགོད་དང་འཕྲོད་བསྟེན་ཞིབ་བཤེར་བརྒྱུད་དེ་རང་འགུལ་ངང་ཉེན་ཁར་དོ་དམ་བྱེད་པ། རང་ཚུགས་ལྟ་སྐུལ་བྱེད་པ་སོགས་དང་འབྲེལ་བ་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་སོ་སོས་གྲོས་འགོ་དེ་དག་དང་ལེན་བྱས་ནས་སྲིད་ཇུས་དང་ཁྲིམས་སྲོལ། རྒྱབ་སྐྱོར་རྣམ་གྲངས་བཅས་ལ་བརྟེན་ནས་ཆུ་འདོན་སྒྲིག་ཆས་ཆུང་གྲས་ཀྱི་གནད་དོན་ཐག་གཅོད་སྔར་ལས་ནུས་ལྡན་བྱ་རྒྱུའི་འབོད་སྐུལ་བཏང་།
ཤ་བོ་གསེར་མཚོས་བསྒྱུར།