ཨ་མེ་རི་ཁའི་མེན་ཉི་སུའུ་ཏ་མངའ་སྡེའི་པའོ་ཨིན་སི་ཝེ་ཨར་རུ་ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་ཞོགས་པར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་མེ་མདས་རྒྱག་མཁན་དང་བཅས་པའི་མི་བཞི་རྐྱེན་ལམ་དུ་ཤོར།
མེན་ཉི་སུའུ་ཏ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ངོ་སྤྲོད་བྱས་པ་ལྟར་ན། མེ་མདའ་བཟུང་བའི་སྐྱེས་པ་ཞིག་གིས་ཉིན་དེའི་ཐོ་རེངས་སུ་སྡོད་ཁང་ཞིག་གི་ནང་དུ་བུད་མེད་གཅིག་དང་ཕྲུ་གུ་བདུན་བཙན་ཁྲིད་བྱས་པ་དང་། དོགས་ཡོད་ཉེས་ཅན་དང་བཙན་ཁྲིད་བྱས་པའི་མི་ནི་ཁྱིམ་ཚང་གཅིག་གི་རེད་ཟེར། ཉེན་རྟོག་པར་ས་ཆ་དེ་གའི་ཆུ་ཚོད་གཉིས་པར་འབྲེལ་ཡོད་ཁྱིམ་ཚང་གི་གཏུམ་སྤྱོད་དོན་རྐྱེན་གྱི་ཉེན་བརྡའི་ཁ་པར་འབྱོར་བས་ཡུལ་དངོས་སུ་སོང་བ་དང་། ཆུ་ཚོད་ཁ་ཤས་སོང་རྗེས་ཕྱོགས་གཉིས་བར་མེ་མདས་རྒྱག་རེས་བྱས་ཏེ་ཉེན་རྟོག་པ་གཉིས་དང་མྱུར་སྐྱོབ་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་གཞན་ཞིག་ལ་རྨས་ཕོག དོགས་ཡོད་ཉེས་ཅན་གྱིས་རྗེས་སུ་རང་གིས་རང་ལ་མེ་མདས་བརྒྱབ་ནས་ཚེ་སྲོག་ཤོར་བ་རེད། བཙན་ཁྲིད་བྱས་པའི་མི་ཡོད་ཚད་ལ་གནོད་འཚེ་ཐེབས་མེད།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོགས་ཡོད་ཉེས་ཅན་གྱིས་མེ་མདའ་དང་མདེལ་རྫས་མང་བོ་བཟུང་ཡོད་པ་དང་། ཁང་བའི་ནང་གི་གནས་མང་བོ་ནས་ཕྱི་རོལ་གྱི་ཉེན་རྟོག་པར་མེ་མདས་བརྒྱབ་པས་ཉེན་རྟོག་པས་རྒོལ་ལན་སྤྲད་པ་རེད། མེ་མདས་མ་བརྒྱབ་པའི་སྔོན་དུ། ཉེན་རྟོག་པས་དོགས་ཡོད་མི་སྣ་དང་གྲོས་བྱས་ནས་ཁོ་སྡོད་ཁང་དེ་ནས་ཁ་འབྲལ་བར་ཚོད་ལྟ་བྱས་ཡོད། དོན་རྐྱེན་འདིའི་གནས་ཚུལ་ཞིབ་ཅིང་ཕྲ་བར་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།