ཀུའུ་ཐི་ལེ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཨ་ཧྥུའུ་ཧན་གནད་དོན་སྟེང་ནས་ལྟ་ཚུལ་གཅིག་མཐུན་བྱུང་ཡོད་ཟེར།
2024.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས19ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་ཚོགས་གྲོལ་རྗེས་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་རྣམས་ཨ་ཧྥུའུ་ཧན་གནད་དོན་སྟེང་ཐུན་མོང་གི་འདུ་ཤེས་བྱུང་ཡོད་ཀྱང་། བཀག་རྒྱ་སྔར་བཞིན་གནས་ཡོད་ཟེར།

ཀུའུ་ཐི་ལེ་སི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་འདོད་པ་ནི་ཞི་བདེ་ཡི་ཨ་ཧྥུའུ་ཧན་ཡིན་ལ། ཕྱོགས་སོ་སོ་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་ཐད་འདུ་ཤེས་གཅིག་མཐུན་བྱུང་ཡོད་ཟེར། དེ་དང་མཉམ་དུ། ཨ་ཧྥུའུ་ཧན་གནད་དོན་གྱི་བཀག་རྒྱ་མེད་པར་གཏོང་དགོས་ན་ད་དུང་འགོག་རྐྱེན་ཁག་ཅིག་སེལ་དགོས་ཤིང་། ཨ་ཧྥུའུ་ཧན་ཕྱོགས་གང་མང་ཐད་ནས་འཛམ་གླིང་ཧྲིལ་བོའི་ལས་ཁུངས་དང་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་ཁྲོད་འདྲེས་ཐུབ་མེད་ཅེས་བཤད། ཀུའུ་ཐི་ལེ་སི་ཡིས་ཨ་ཧྥུའུ་ཧན་གནད་དོན་སྟེང་ངེས་པར་དུ་བཀག་རྒྱ་གཏོར་དགོས་ལ། ཐུན་མོང་ལམ་ཐིག་གཏན་འབེབས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་ཧྥུའུ་ཧན་གྱི་མིག་སྔའི་གནས་བབ་ཀྱི་སེམས་ཁུར་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།

ཐེངས་འདིའི་གྲོས་ཚོགས་ལ་ཀུའུ་ཐི་ལེ་སི་ཡིས་འགོ་འཛིན་བྱས་ཤིང་། ཀྲུང་གོ་དང་། ཨུ་རུ་སི། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཉི་ཤུ་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཞུགས་ཡོད། གདན་འདྲེན་བྱས་པའི་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་འཐུས་མི་མངགས་གཏོང་བྱས་མེད།

གྲོས་ཚོགས་ལ་ཞུགས་པའི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཨ་ཧྥུའུ་ཧན་ལས་དོན་གྱི་ཆེད་མངགས་ཕོ་ཉ་ཡུའེ་ཞའོ་ཡུང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་ཁ་གཏད་ཡང་དག་འཇལ་གྱིན་ཡོད། ཨ་ཧྥུའུ་ཧན་གྱི་གནད་དོན་ཐད་ནས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱེད་རྒྱུན་ཡིན་ལ། ཨ་ཧྥུའུ་ཧན་ལ་རོགས་བྱས་ཏེ་སྔ་མོ་ནས་ཞི་བདེ་བརྟན་འཇགས་མངོན་འགྱུར་ཡོང་བར་བྱེད་རྒྱུ་ཡིན་ཟེར།

ཡུའེ་ཞའོ་ཡུང་གིས་དུས་མཉམ་དུ། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་མྱུར་བ་མྱུར་དུ་ཨ་ཧྥུའུ་ཧན་གྱི་མཚོ་ཕྱིའི་རྒྱུ་ནོར་གྱི་བཀག་སྡོམ་ལྷོད་ནས། ཨ་ཧྥུའུ་ཧན་ལ་ཕྱོགས་རྐྱང་བས་ཚོད་འཛིན་བྱེད་པ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཞེས་བཤད།

རིག་འཛིན་སྒྲོལ་མས་བསྒྱུར།