ཨུ་རུ་སིས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་དེ་སྔ་ཨུ་རུ་སིའི་དམག་ལ་ཨ་མེ་རི་ཁས་བཟོས་པའི་རྫས་འགྱུར་འབར་མདེལ་བཀོལ་སྤྱོད་བྱས་ཟེར།
2024.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་འགྱེད་འཕྲོ་རྫས་འགྱུར་སྐྱེ་དངོས་འགོག་སྲུང་དཔུང་ཁག་གི་དམག་སྤྱི་ཅི་ལིས་ལོ་ཧྥུའུ་ཡིས་ཚེས19ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་དེ་སྔ་ཨུ་རུ་སིའི་དམག་ལ་ཨ་མེ་རི་ཁས་བཟོས་པའི་རྫས་འགྱུར་འབར་མདེལ་བཀོལ་སྤྱོད་བྱས་ཟེར།

ཅི་ལིས་ལོ་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། 2023ལོའི་ཟླ12པའི་ཚེས28ཉིན། ཧུང་ལིས་མན་ཕྱོགས་ནས་ཝུའུ་ཁི་ལན་དམག་དཔུང་གིས་མི་མེད་གནམ་གྲུ་བཀོལ་ནས་ཨུ་རུ་སིའི་གཡུལ་སར་ཨ་མེ་རི་ཁས་བཟོས་པའི་དུག་རླངས་ལག་འབོམ་འཕངས་མྱོང་ལ། 2024ལོའི་ཟླ1ཚེས31ཉིན། ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སིའི་གཡུལ་སར་དབུགས་ལམ་ཚ་སྲེག་དང་། སྐྱུག་བྲོ་བ་དང་སྐྱུག་པ་སོགས་ཀྱི་སྣང་ཚུལ་འབྱུང་བའི་དུག་ལྡན་རྫས་འགྱུར་དངོས་རྫས་བཀོལ་སྤྱོད་བྱས་མྱོང་ཟེར།

ཅི་ལིས་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་སྲིད་གཞུང་གིས་ད་ལྟ་ནུབ་ཕྱོགས་ཀྱི་མཛུབ་སྟོན་དང་རོགས་འདེགས་འོག  རྫས་འགྱུར་མཚོན་ཆ་བཀོལ་སྤྱོད་བྱས་ནས་ཨུ་རུ་སིའི་དམག་དཔུང་བཀག་འགོག་བྱེད་པའི་འཐབ་ཇུས་རང་བཞིན་གྱི་འགུལ་སྐྱོད་འཆར་གཞི་སྤེལ་རྒྱུ་རེད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།