ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས19ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲའི་དབུས་ཁུལ་དང་ལྷོ་ཕྱོགས་ཀྱི་ས་ཆ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་བཏང་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཅ་ཧྲའི་དབུས་ཕྱོགས་ཀྱི་ནུའུ་སེ་ལའེ་ཐི་ཡུལ་གྱར་པའི་སྒར་ས་དང་། པུའུ་ལའེ་ཅེ་ཡུལ་གྱར་པའི་སྒར་ས། ཏའེ་ཨར་པེ་ལ་ཧི་སོགས་ས་ཆར་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་བཏང་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག མི་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་པས་སྐྱོབ་ཐབས་མི་འདུག་ཅེས་བསྟན་ཡོད་ལ། དེ་ལས་གཞན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུའུ་ཉི་སི་གྲོང་ཁྱེར་ནས་མུ་མཐུད་དུ་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་བཏང་།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས19ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དབྱི་སི་རལ་ལ་བཀག་འགོག་བྱེད་པའི་འབོད་སྐུལ་བཏང་ནས། འབར་རྫས་དང་སྨན་བཅོས་རོགས་སྐྱོབ་ཅ་ཧྲ་ས་ཁུལ་གྱི་སྨན་ཁང་དུ་སྐྱེལ་བའི་རེ་བ་བཏོན་ལ། ལྷག་པར་དུ་ཅ་ཧྲའི་བྱང་ཕྱོགས་ཀྱི་སྨན་ཁང་དུ་མགོ་གལ་ཆེ། གསལ་བསྒྲགས་ལས་ཉེན་བརྡ་བཏང་ནས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་བཅོས་ལས་ཁུངས་སྟེ། ཅ་ཧྲ་མཁར་གྱི་ཞི་ཧྥ་སྨན་ཁང་ལ་ཉིན་གཉིས་ནང་གློག་ཡོངས་སུ་ཆད་པའི་ཉེན་ཁར་འཕྲད་ཡོད་ཅེས་བཤད།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་19ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་བརྒྱ་དང་བདུན་རྐྱེན་ལམ་དུ་བཏང་། ན་ནིང་གི་ཟླ10པའི་ཚེས7ཉིན་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་ཁྲོད་མི་ཁྲི་གཉིས་དང་སྟོང་དགུ་ལྷག་རྐྱེན་ལམ་དུ་བཏང་བ་དང་མི་ཁྲི་དྲུག་དང་སྟོང་དགུ་ལྷག་ལ་རྨས་ཕོག
རིག་འཛིན་སྒྲོལ་མས་བསྒྱུར།