མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཚེས19ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མ་ལིའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མ་ལིར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་བཏང་།
ཀྲང་ཅུན་གྱིས་བཤད་རྒྱུར། ད་ལོ་ནི་སོ་མ་ལིའི་ཆབ་སྲིད་འཕེལ་རིམ་དང་། བདེ་འཇགས་བར་བརྒལ། རྒྱལ་ཁབ་བསྐྱར་སྐྲུན་བཅས་ལ་མཚོན་ན་འགག་རྩའི་ལོ་ཞིག་ཡིན་པས། གཅིག་ནས་སོ་མ་ལིས་ཆབ་སྲིད་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་ཕྱོགས་སོ་སོས་གྲོས་མོལ་བྱས་པ་བརྒྱུད་དེ་འགལ་ཆ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཆབ་སྲིད་ཀྱི་བར་བརྒལ་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“སོ་མ་ལིའི་མིས་གཙོ་ཁྲིད་བྱེད་པ་དང་སོ་མ་ལེའི་མི་ལ་དབང་བའི”རྩ་དོན་རྒྱུན་འཁྱོངས་བྱས་ནས་ཕྱི་ཕྱོགས་ཀྱིས་བཙན་གྱིས་བཅོས་སྐྱོང་བྱེད་པའི་རྣམ་པ་མི་ཐོན་པར་བྱེད་དགོས། གཉིས་ནས་སོ་མ་ལིའི་བདེ་འཇགས་བར་བརྒལ་ལ་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མ་ལིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་བླངས་ཡོད་པའི་འཇིགས་སྐུལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། བདེ་འཇགས་སྡེ་ཁག་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུར་རྒྱབ་སྐྱོར་བྱས་ནས་བདེ་འཇགས་ཀྱི་འགན་འཁྲི་སྔར་ལས་མང་དུ་འཁུར་དགོས། གསུམ་ནས་སོ་མ་ལིའི་དཔལ་འབྱོར་དང་སྤྱི་ཚོགས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཉེ་ཆར《2060ལོའི་བརྒྱ་ལོའི་ཕུགས་འདུན》ལག་བསྟར་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་གཏན་འབེབས་བྱས་པར་དགའ་བསུ་ཞུ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་སོ་མ་ལིའི་རོགས་སྐྱོར་ཚོགས་པས་སོ་མ་ལིའི་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་རྒྱལ་སྤྱིའི་ཐོན་ཁུངས་སྐོང་འཐེན་བྱས་ནས་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེ་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སོ་མ་ལིའི་འཁྲུག་རྩོད་ཀྱི་འབྱུང་རྩའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།
ཀྲང་ཅུན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་བར་གྲོས་མོལ་བྱས་ནས་རང་ས་ཁུལ་གྱི་དོན་དག་ཐག་གཅོད་ཡག་པོ་བྱས་ཏེ་མཛའ་མཐུན་མཉམ་ལས་ཀྱི་རྨང་གཞིའི་ཐོག་མཉམ་དུ་འཕེལ་རྒྱས་ཡོང་རྒྱུར་རེ་བ་བྱེད་ཀྱིན་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།