འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས19ཉིན་རྒྱལ་སྤྱིའི་རྩ་འཛུགས“འཛམ་གླིང་ཧྲིལ་པོའི་འཚོ་བཅུད་མནའ་འབྲེལ”གྱི་སྙན་ཞུ་གསར་བ་དྲངས་ནས་བསྟན་དོན། ཅ་ཧྲ་ས་ཁུལ་གྱི་བྱིས་པ་དང་། སྦྲུམ་མ། ནུ་མ་སྣུན་པའི་བུད་མེད་བཅས་ལ་འཚོ་བཅུད་མི་འདང་བའི་ཚད་ཆེས་ཆེར་ཇེ་མཐོར་སོང་ནས་ལུས་པོའི་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་ཟེར།
ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་ནས་གཟའ་འཁོར་ཉི་ཤུ་འགོར་བ་དང་། ཅ་ཧྲ་ས་ཁུལ་དང་བཟའ་བཅའ་དང་བདེ་འཇགས་ཀྱི་འཐུང་ཆུ་ཧ་ཅང་དཀོན་ལ། ནད་ཡམས་ཚབས་ཆེན་ཡིན་པས་ས་གནས་དེ་གའི་བུད་མེད་དང་བྱིས་པའི་འཚོ་བཅུད་གནས་ཚུལ་དང་རིམས་འགོག་ནུས་པར་གནོད་འཚེ་ཐེབས་ཡོད་ཟེར།
《ཅ་ཧྲའི་འཚོ་བཅུད་ཉམས་ཞན་རང་བཞིན་དང་དུས་བབ་དབྱེ་ཞིབ》ཅེས་པའི་སྙན་ཞུའི་ནང་ཅ་ཧྲ་ས་ཁུལ་གྱི་ལོ་གཉིས་མན་གྱི་བྱིས་པ90%དང་སྦྲུམ་མ་དང་ནུ་མ་སྣུན་པའི་བུད་མེད95%བཟའ་བཏུང་དཀོན་པའི་གནས་ཚུལ་ཚབས་ཆེན་དང་འཕྲད་ཡོད་ཅེས་འཁོད་ཡོད།
སྙན་ཞུའི་ནང་བཤད་རྒྱུར། མི་ཆོས་རོགས་སྐྱོར་བྱེད་མཚམས་བཞག་ནས་གཟའ་འཁོར་ཁ་ཤས་སོང་བར་བརྟེན་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་འཚོ་བཅུད་མི་འདང་བའི་སྣང་ཚུལ་མངོན་གསལ་ཡིན་པ་དང་། ལོ་གཉིས་མན་གྱི་བྱིས་པ15%ལྷག་ལ་འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེན་ཡིན་ཞིང་། རོགས་སྐྱོར་ཅུང་མང་བོ་ཐོབ་པའི་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་དུ་ལོ་གཉིས་མན་གྱི་བྱིས་པ5%ཡི་འཚོ་བཅུད་མི་བཟང་། དེ་ལས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལམ་བུའི་དགོས་ངེས་རང་བཞིན་མཚོན་ཡོད་པར་མ་ཟད། མི་ཆོས་རོགས་སྐྱོར་དེ་མཇུག་འབྲས་ཚབས་ཆེན་འབྱུང་བ་ལ་སྔོན་འགོག་བྱེད་པར་ཡང་ཕན་པ་ཡོད་པ་ར་སྤྲོད་བྱས་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར། ད་ཐེངས་ཀྱི་འཁྲུག་རྩོད་ཁྲོད་དུ་ཅ་ཧྲ་ས་ཁུལ་དུ་ལོ5མན་གྱི་བྱིས་པ0.8%ལ་འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེན་བྱུང་ཡོད་པ་དང་། བཟའ་བཅའ་དང་ཆུ། འཕྲོད་བསྟེན་ཞབས་ཞུ་མེད་པའི་རྐྱེན་གྱིས་ཅ་ཧྲ་ས་ཁུལ་དུ་འཚོ་བཅུད་མི་ལེགས་པའི་སྣང་ཚུལ་ཛ་དྲག་ཏུ་འགྲོ་སྲིད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་མཉམ་དུ་ཅ་ཧྲ་ས་ཁུལ་གྱི་རོགས་སྐྱོར་བགྲོད་ལམ་བདེ་འཇགས་དང་རྒྱུན་མཐུད། གེགས་མེད་བཅས་ཡོང་བར་འགན་ལེན་བྱས་ནས་མྱུར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པར་སྟབས་བདེ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
ཤ་བོ་གསེར་མཚོས་བསྒྱུར།