དབྱི་ལང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་སའེ་ཨར·ཁ་ན་ཉི་ཡིས་ཚེས19ཉིན་ཨ་མེ་རི་ཁས་དབྱི་སི་རལ་གྱི་ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་པར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག་དབྱི་ལང་གིས་ཕ་ལེ་སི་ཐན་མི་དམངས་ཀྱིས་རང་ཉིད་ཀྱི་ཆབ་སྲིད་ལས་དབང་གཏན་འཁེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
ཉིན་དེར་ཁ་ན་ཉི་ཡིས་ཏི་ཧེ་ལན་དུ་དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་སི་རལ་གྱི་ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་པ་དང་། ཉེ་ཆར་ཆོག་མཆན་སྤྲད་ནས་དབྱི་སི་རལ་ལ་དམག་དོན་རོགས་སྐྱོར་བྱ་རྒྱུ་མ་ཟད། ཨ་མེ་རི་ཁ་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་པར་སྤྱོད་པའི་དམག་འཁྲུག་གི་སྡིག་ཉེས་དང“རིགས་རྒྱུད་རྩ་མེད་དུ་གཏོང་བའི”བྱ་འགུལ་ཁྲོད་ཞུགས་ཡོད་ཟེར།
ཁ་ན་ཉི་ཡིས་ཅ་ཧྲ་ས་ཁུལ་དུ་ཟླ་བཞི་ལྷག་ཙམ་ལ་རྒྱུན་མཐུད་བྱས་པའི་དམག་འཁྲུག་དེ་ནི་སྐྱོ་གར་ཞིག་རེད། དམག་འཁྲུག་ནི་འུ་ཐུག་པའི་བྱེད་ཐབས་ཙམ་ཡིན་པས་ཕན་ཐོགས་གང་ཡང་ཡོང་མི་སྲིད། མིག་སྔར་དམག་འཁྲུག་མཚམས་འཇོག་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་བླང་བྱ་ཡིན་ཟེར།
ཁོས་བསྟན་དོན། དབྱི་ལང་གིས་ཕ་ལེ་སི་ཐན་མི་དམངས་ཀྱི་ཆབ་སྲིད་འདོད་བློར་རྒྱབ་སྐྱོར་བྱེད་པ་དང་། ཕ་ལེ་སི་ཐན་མི་དམངས་ཀྱིས་འབྲེལ་ཡོད་གྲོས་མཐུན་དང་གྲོས་མོལ་གྱི་སྒྲོམ་གཞིའི་ནང་རང་ཉིད་ཀྱི་ཆབ་སྲིད་ལས་དབང་གཏན་འཁེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།