ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་རྩེ་ཚོགས་སྐབས་ཉེར་བདུན་པ་ཚེས21ཉིན་ཐུར་ཁེའི་དབྱི་སི་ཐན་པུའུ་ཨར་ནས་འཚོགས་འགོ་བརྩམས། ཚོགས་ཞུགས་ཕྱོགས་སོ་སོས་ལག་རྡང་མཉམ་སྦྲེལ་བྱས་ཏེ་ས་གནས་ཀྱི་འགལ་ཟླ་དང་། ནམ་ཟླའི་འགྱུར་ལྡོག ནུས་ཁུངས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་པའི་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་རྒྱུའི་འབོད་སྐུལ་བཏང་། རྩེ་ཚོགས་སྟེང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ་ལོ་བཅུ་གཅིག་འགོར་བའི་བརྗོད་དོན་གླེང་སྟེགས་ཆེད་དུ་བཀོད་སྒྲིག་བྱས་ཡོད།
ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཐེངས་འདིའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་ཡིག་བསྐུར་ཏེ། འགལ་ཟླ་དང་དམག་འཁྲུག་གིས་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་ཉམ་ཞན་དུ་གཏོང་སྲིད་པས། རྒྱལ་ཁབ་སོ་སོས་མཉམ་དུ་ཁ་གཏད་འཇལ་བ་དང་ཐག་གཅོད་དགོས་ཞེས་བཤད།
ཐུར་ཁེའི་མིང་གྲགས་ཆེ་བའི་རིག་མཛོད་ཆེན་པོ་མཱ་ཨར་མཱ་ལཱ་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་སུའུ་ཝེ་ཨར་གྱིས་འགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ད་ལྟ་ས་གནས་ཀྱི་འགལ་ཟླ་དང་། ནམ་ཟླའི་འགྱུར་ལྡོག། དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་མི་ཐུབ་པ་སོགས་ཀྱི་ཛ་དྲག་གི་འགྲན་རྩོད་བརྒྱུད་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར། ཁོས་ད་རུང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་གཞིས་འཛམ་གླིང་ཞི་བདེ་དང་། མཐུན་སྒྲིལ། མཉམ་ལས་བཅས་ཀྱི་མ་འོངས་པའི་ཕྱོགས་སུ་བསྐྱོད་པར་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་བསྟན།
ཐེངས་འདིའི་ཡོ་རོབ་དང་ཨེ་ཤ་ཡའི་རྩེ་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་ལ། མཱ་ཨར་མཱ་ལཱ་ཐེབས་རྩ་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཁབ་བཞི་བཅུ་ཙམ་གྱི་ཆབ་སྲིད་པ་དང་ཚོང་པ། རིག་གནས་པ་བཅས་སུམ་བརྒྱ་ལྷག་རྩེ་ཚོགས་ལ་ཞུགས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།