ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་ཆ་འཕྲིན་མི་སྣས་ཚེས21ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ནུའུ་སའེ་ལའེ་ཐི་ཡི་མི་སེར་སྡོད་ཁང་ཞིག་ལ་མཁའ་རྒོལ་བྱས་ནས་ཉུང་མཐར་ཡང་མི17རྐྱེན་ལམ་དུ་བཏང་བ་དང་མི34རྨས་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་མཁའ་རྒོལ་བྱེད་སྐབས་སྡོད་ཁང་དེའི་ནང་དུ་གཞིས་ཁྱིམ་མེད་པའི་མི་མང་པོ་བསྡད་ཡོད་པ་དང་། འདས་པོའི་ཁྲོད་བུད་མེད་དང་བྱིས་པ་ཡོད་ལ། མིག་སྔར་རོགས་སྐྱོབ་བྱ་བ་སྒྲུབ་བཞིན་པའི་སྒང་རེད།
གཞན་ཡང་ཕ་ལེ་སི་ཐན་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་གྱི་དགོང་མོར་ད་དུང་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཅེ་པ་ལིས་ཡེ་ཡུལ་གྱར་པའི་སྒར་ས་དང་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་རུ་འབར་མདེལ་འཕངས་པ་དང་། མིག་སྔར་ཤི་རྨས་ཀྱི་གནས་ཚུལ་གསལ་བོར་བསྒྲགས་མེད།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས21ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འདས་ཟིན་པའི་ཆུ་ཚོད24ཡི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི118རྐྱེན་ལམ་དུ་བཏང་བ་དང་མི163རྨས། ན་ནིང་གི་ཟླ10པའི་ཚེས7ཉིན་རེས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཅ་ཧྲ་ས་ཁུལ་གྱི་མི་ཁྲི་གཉིས་དང་སྟོང་དགུ་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་དང་སྟོང་དགུ་ལྷག་ལ་རྨས་ཕོག
ཤ་བོ་གསེར་མཚོས་བསྒྱུར།