མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུར་འབོད་སྐུལ་བྱས་པའི་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཡང་བསྐྱར་ཁས་ལེན་མ་བྱས་པར་དམིགས་ཏེ། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ2པའི་ཚེས21ཉིན་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་སྟེང་བསྟན་དོན། ཚེས21ཉིན། ཨ་མེ་རི་ཁས་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུར་ཁས་ལེན་མ་བྱས་པ་དེས། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སྔར་ལས་ཉེན་ཁའི་གནས་སུ་བསྐྱལ་ཡོད། ཀྲུང་གོ་དང་བཅས་པའི་འབྲེལ་ཡོད་ཕྱོགས་སོ་སོས་ཨ་མེ་རི་ཁའི་བྱ་སྤྱོད་དེར་བློ་ཕམ་ཆེན་པོ་སྐྱེས་པ་དང་མ་དགའ་བའི་རྣམ་འགྱུར་བསྟན་པ་ཡིན་ཟེར།
ཚེས20ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨར་ཅི་རི་ཡས་ཨ་རབ་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་བཏོན་པའི་རེ་བ་ལྟར། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་ནའང་། ཨ་མེ་རི་ཁ་ཁོ་ནས་ཁས་ལེན་མ་བྱས་པའི་དབང་གིས། གྲོས་ཆོད་འཆར་ཟིན་དེར་གྲོས་འཆམ་མ་བྱུང་བ་རེད།
མའོ་ཉིང་གིས་བཤད་རྒྱུར། ཨར་ཅི་རི་ཡས་ཨ་རབ་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་གྲོས་ཆོད་འཆར་ཟིན་བཏོན་ནས། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དང་གང་མགྱོགས་ངང་བཙོན་མ་ཚང་མ་གློད་རྒྱུ། མི་ཆོས་དངོས་ཟོག་གནོད་ཐེབས་ས་ཁུལ་དུ་བདེ་བླག་ངང་འབྱོར་བར་འགན་ལེན་བྱ་རྒྱུ། བཙན་ཤུགས་ཀྱིས་གནས་སྤོར་དུ་འཇུག་པའི་སྦྱོར་ངན་ལ་ངོ་རྒོལ་བྱ་རྒྱུ་བཅས་ཀྱི་བླང་བྱ་བཏོན་པ་དེ་ནི། གནས་བབ་དང་འཚམ་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། མི་ཆོས་ངོས་ཀྱི་མ་མཐའི་བླང་བྱ་ཞིག་ཀྱང་ཡིན་པའི་དབང་གིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བས་གྲོས་ཆོད་འཆར་ཟིན་དེར་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོས་གྲོས་ཆོད་འཆར་ཟིན་དེར་མོས་མཐུན་གྱི་འདེམས་ཤོག་འཕངས་ཡོད་ཟེར།
མའོ་ཉིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་དང་མཉམ་དུ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་སྔར་ལས་འཁུར་བ་དང་དོན་སྙིང་ལྡན་པའི་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་གང་མགྱོགས་ཀྱིས་ཞི་འཇགས་ཡོང་བ་དང་མི་ཆོས་ཀྱི་གནས་བབ་སྔར་ལས་ཞི་ལྷོད་ཅན་དུ་གཏོང་བ། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། དབུས་ཤར་ས་ཁུལ་ཡུན་སྐྱོང་བདེ་འགོད་ཡོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།