སི་རི་ཡའི་རྒྱལ་སར་དབྱི་སི་རལ་གྱི་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི3རྐྱེན་ལམ་དུ་ཤོར།
2024.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སི་རི་ཡའི་སྨྱན་སྦྱོར་གྱིས་ཚེས21ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ས་ཏ་མ་སི་ཁོའི་སྡོད་དམངས་ཐོག་ཁང་ཞིག་ལ་དབྱི་སི་རལ་གྱི་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི3རྐྱེན་ལམ་དུ་ཤོར།

སི་རི་ཡའི་སྨྱན་སྦྱོར“ཧྲ་མུའུ་ཟློས་སྒྲིག”གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་ཐེབས་པའི་སྡོད་དམངས་ཐོག་ཁང་དེ་ཏ་མ་སི་ཁོའི་ནུབ་རྒྱུད་གྱི་ཁ་ཧྥུའུ་ཨར་སུའུ་སཱ་ས་ཁུལ་དུ་་གནས་པ་དང་འདས་པོའི་ཁྲོད་གཙང་སྦྲ་བྱེད་མཁན་ཞིག་ཀྱང་ཡོད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་འདྲ་པར་ལས་མངོན་པ་ལྟར་ན། འཇབ་རྒོལ་ཐེབས་པའི་སྡོད་དམངས་ཐོག་ཁང་གི་དཀྱིལ་གྱི་བརྩེགས་རིམ་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ་དང་ཐོག་ཁང་ཉེ་འགྲམ་གྱི་རླངས་འཁོར་ཁག་ཅིག་ལ་གཏོར་སྐྱོན་ཐེབས་ཡོད།

གཞན་ཡང་སྤྱི་ཁྱབ་ལས་ཁུངས་དབྱིན་ཇིར་ཡོད་པའི“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་སྡོད་དམངས་ཐོག་ཁང་དེར་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་བ་དང་མི་གཞན་པར་ཡང་རྨས་སྐྱོན་ཕོག་ཡོད་ཟེར།

2011ལོར་སི་རི་ཡ་རུ་ནང་འཁྲུག་བྱུང་རྗེས་དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལང་གི་དམག་དོན་སྒྲིག་བཀོད་ལ་རྡུང་རྡེག་གཏོང་བར་ཁ་གཡར་ནས་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་མཁའ་རྒོལ་ཐེངས་མང་བྱས་ཡོད། སི་རི་ཡ་དང་དབྱི་ལང་སྲིད་གཞུང་གིས་དབྱི་ལང་གི་དམག་དཔུང་སི་རི་ཡར་བཅའ་སྡོད་བྱས་ཡོད་པ་ཁས་བླངས་མེད།

ཤ་བོ་གསེར་མཚོས་བསྒྱུར།