མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས20ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྲོག་ཤིང་ནུས་པ་འདོན་དགོས་པའི་འབོད་སྐུལ་བཏང་།
ཏའེ་པེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ཇེ་ཆེར་གཏོང་བའི་དམིགས་བསལ་ཨུ་ཡོན་ལྷན་ཁང་གི2024ལོའི་ཚོགས་འདུའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་བསྟན་དོན། དེང་སྐབས་འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་བའི་དུས་སུ་སླེབས་ཡོད་པས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྡབ་གསིག་ཆེན་པོ་ཐེབས་ཡོད། སྔར་བྱུང་མ་མྱོང་བའི་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་སྔའི་དུས་གང་ཞིག་ལས་ཀྱང་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། “རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ”ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བྱ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལ་མིང་བཀོད་པའི་གསར་གཏོད་ཁོངས་གཏོགས་རྒྱལ་ཁབ་ཐོག་མ་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོང་བྱེད་པ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་པ་དང་། རྩ་ཁྲིམས་ཀྱི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་བཏང་སྟེ་ཞི་བདེའི་མཚལ་ཡིག་ཁ་གསབ་དང་བདེ་འཇགས་ཀྱི་དཀའ་གནད་སེལ་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཉེ་དུས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ཚབས་ཇེ་ཆེར་སོང་བ་དང་། མཚོ་དམར་གྱི་དུས་བབ་མུ་མཐུད་དུ་ཛ་དྲག་ཏུ་འགྲོ་བཞིན་པས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་ལ་སྐུལ་མ་གཏོང་བ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་པ་དང་། དམག་འཁྲུག་མཚམས་འཇོག་ཆེད་ནུས་ཤུགས་གང་ཡོད་བཏོན་ཡོད་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བའི་ཚུན་གྱི་གྲོས་ཆོད་ཐོག་མ་དེར་གྲོས་འཆམ་འབྱུང་རྒྱུར་སྐུལ་འདེད་བཏང་ཡོད་པར་མ་ཟད། ཆབ་སྲིད་ཐད་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་ཀྱི་ཡིག་ཆ་འགྲེམ་སྤེལ་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་བསྟར་བྱས་ཡོད།
ཏའེ་པེན་གྱིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀག་སྡོམ་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་བསྐྱར་བཤད་བྱེད་འདོད་ཡོད། བཀག་སྡོམ་ནི་བྱེད་ཐབས་ཤིག་ཡིན་པ་ལས་དམིགས་ཡུལ་ཞིག་མིན། འབྲེལ་ཡོད་གནད་དོན་ཆབ་སྲིད་ཐད་ནས་ཐག་གཅོད་བྱ་རྒྱུར་ཞབས་འདེགས་ཞུ་དགོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་ཐད་གཟབ་ནན་དང་འགན་འཁུར་བའི་རྣམ་འགྱུར་འཛིན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀག་སྡོམ་གྲོས་ཆོད་བརྩི་སྲུང་བྱེད་པ་དང་ལག་བསྟར་ནན་མོ་བྱེད་དགོས་པར་འདོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་བསྩལ་མེད་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་གནས་ཚུལ་འོག་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ནང་གི་བཅའ་ཁྲིམས་ཁོ་ནར་བརྟེན་ནས་རྒྱལ་ཁབ་གཞན་ལ་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པ་དང་། རྒྱལ་ནང་གི་བཅའ་ཁྲིམས་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འོས་འགན་ལ་བརྩིས་ནས་རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ་ཡོང་བ་དང་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལས་འགལ་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་གྲགས་ལ་གནོད་འཚེ་གཏོང་བ་དང་། རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བཞིན་འདུག ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་བོས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཟེར།
ཏའེ་པེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱེད་པའི་རྩ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་གཏོད་ཁོངས་གཏོགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་དང་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་བར་གྱི་རྩོད་གཞི་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལུགས་མཐུན་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་ཏེ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།