དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ཡི་བྱང་རྒྱུད་དང་ལྷོ་རྒྱུད་འགས་གཏོར་བཏང་བ་ལས་ཉུང་མཐར་ཡང་མི34རྐྱེན་ལམ་དུ་ཤོར། 
2024.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་གྱི་མཚན་མོར་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཅ་ཧྲ་མཁར་དང་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ལཱ་ཧྥ་སོགས་གཅིག་བསྡུས་ཀྱིས་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི34རྐྱེན་ལམ་དུ་བཏང་ཟེར།  

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་གྱི་མཚན་མོར་ཅ་ཧྲ་མཁར་གྱི་ལྷོ་རྒྱུད་ཀྲ་དབྱི་ཐུང་ས་ཁུལ་གྱི་སྡོད་ཁང་མང་བོར་མཁའ་རྒོལ་བྱས་ནས་ཉུང་མཐར་ཡང་མི20རྐྱེན་ལམ་དུ་བཏང་། གཞན་ཡང་ཅ་ཧྲ་མཁར་དབུས་རྒྱུད་ཀྱི་ས་ཕུའུ་ལ་ས་ཁུལ་གྱི་སྡོད་ཁང་ཞིག་ལ་ཚེས22ཉིན་དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་ཡོད། 

བསྒྲགས་པའི་གནས་ཚུལ་ལྟར་ན། ལཱ་ཧྥ་གྲོང་ཁྱེར་གྱི་ས་ཁུལ་མང་བོར་ཚེས22ཉིན་གྱི་ཐོ་རེངས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་གཅིག་བསྡུས་ཀྱིས་འགས་གཏོར་བཏང་བ་དང་། འགས་གཏོར་བཏང་སའི་ཁྲོད་དུ་སྡོད་ཁང་དང་དབྱི་སི་ལན་གྱི་ཆོས་ཁང་ཚུད་ཡོད་ལ། མིག་སྔར་མི7རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལྷག་ལ་རྨས་ཕོག་ཡོད། 

ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།  ན་ནིང་གི་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཅ་ཧྲ་ས་ཁུལ་གྱི་མི་ཁྲི་གཉིས་དང་སྟོང་དགུ་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་དང་སྟོང་དགུ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།