ཕྱི་འབྲེལ་པུའུ་ཡིས་ཕྱོགས་སོ་སོ་དང་མཉམ་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན། 
2024.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས22ཉིན་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ལ་གསར་དར་ཁྲོམ་ར་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁས་ལེན་རྒྱ་ཆེར་ཐོབ་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་མའོ་ཉིང་ལ་བསྒྲགས་པའི་གནས་ཚུལ་ལྟར་ན་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་ཡིས་ཉེ་ཆར་དམག་འཁྲུག་དང་། ཐེ་གཏོགས། རིགས་རྒྱུད་རྩ་མེད་དུ་གཏོང་བ་དང་རིགས་རྒྱུད་ཁྱད་དུ་འཕགས་པའི་མི་སེར་སྤེལ་བའི་འཇིག་རྟེན་རྙིང་པའི་འཛམ་གླིང་དེ་གསེར་གྱོམ་རྒྱལ་ཁབ་ཀྱིས་སྣེ་ཁྲིད་བྱེད་པའི་འཛམ་གླིང་གསར་བས་ཚབ་བྱེད་བཞིན་ཡོད་ཅེས་བཤད་པ་རེད་ཟེར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་རྣམ་འགྱུར་ཅི་འདྲ་བཟུང་ཡོད་ཅེས་དྲིས་པ་རེད། 

མའོ་ཉིང་གིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་འདི་ཉིད་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱ་རྒྱུར་འབད་ནས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེང་སྐབས་འཛམ་གླིང་ཐོག་ཉེན་ཁ་དང་འགྲན་སློང་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་གནས་ཚུལ་འོགའཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་ཡར་ཐོན་དོན་གཉེར་དང་། ཕྱི་ཕྱོགས་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ། མཉམ་འབྲེལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་ཐུན་མོང་གི་བསམ་འདུན་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། 

ཁོ་མོས་བཤད་རྒྱུར། “དེའི་རྐྱེན་གྱིས་གསེར་གྱོམ་རྒྱལ་ཁབ་ལ་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁས་ལེན་རྒྱ་ཆེར་ཐོབ་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་དགེ་མཚན་ལྡན་པ་དང་བརྟན་ལྷིང་ཡིན་པ། ཡ་རབས་ལ་ཕྱོགས་པ་བཅས་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད”ཟེར།

མའོ་ཉིང་གིས་བཤད་རྒྱུར། གསེར་གྱོམ་མཉམ་ལས་ཀྱིས་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་ལས་གཉིས་རྒྱལ་དར་སྤེལ་གཏོང་དོན་ནི་ཐུན་མོང་འཕེལ་རྒྱས་དང་ཡོངས་ཁྱབ་དར་རྒྱས་ཡོང་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གསེར་གྱོམ་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་ཆེར་བཏང་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྒྲོམ་གཞི་སྔར་ལས་དོ་སྙོམས་དང་། སྔར་ལས་ནུས་ལྡན་ཡོང་བར་བྱས་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་ཆེད་གསེར་གྱོམ་གྱི་ལེགས་སྐྱེས་སྔར་ལས་མང་བོ་འབུལ་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།