ཝེ་ནེ་ཙུའེ་ལ་རུ་གཏེར་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི15རྐྱེན་ལམ་དུ་ཤོར།
2024.02.22 ཁུངས། ཀློག་གྲངས། 13

ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་ཚེས21ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ལྷོའི་རྒྱུད་ཀྱི་པོ་ལིས་ཝ་ཨར་ཁུལ་ཨན་ཀི་སི་ཐུའུ་ལཱ་གྲོང་ཁྱེར་གྱི་གཏེར་རི་ཞིག་ཉེ་སྔོན་ཉིལ་ནས་མི15རྐྱེན་ལམ་དུ་ཤོར་བ་དང་། མི11ལ་རྨས་ཕོག་ཡོད་ཟེར།

མཱ་ཏུའུ་ལུའོ་ཡིས་བཤད་རྒྱུར། གཏེར་རི་འདི་ནི་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པ་ཞིག་རེད། བརྟག་དཔྱད་རགས་ཙམ་བྱས་པར་གཞིགས་ན། གཏེར་ཁྲོན་བརྐོ་བའི་སྐབས་སུ་དོན་རྐྱེན་བྱུང་བ་དང་། གཏིང་ཚད་སྨི30ཟིན་ཡོད་ཟེར། 

མཱ་ཏུའུ་ལུའོ་ཡིས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་འཚམས་འདྲི་བྱས་པར་མ་ཟད། སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་གང་ཡོད་འདོན་སྤྲོད་བྱ་རྒྱུ་ཡིན་ལ། རོགས་སྐྱོབ་མི་སྣ་དོན་རྐྱེན་བྱུང་ཡུལ་དུ་འབྱོར་ནས་ཉེན་ཁའི་གནས་སུ་ལྷུང་བའི་གཏེར་འདོན་ལས་བཟོ་པ་མུ་མཐུད་དུ་འཚོལ་སྐྱོབ་བྱེད་བཞིན་ཡོད་ཟེར། 

ཤ་བོ་གསེར་མཚོས་བསྒྱུར།