དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ལ་མཁའ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།
2024.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ས་ཁུལ་ལ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི40རྐྱེན་ལམ་དུ་བཏང་བ་དང་། མི100རྨས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་སྡོད་ཁང་བཞི་ལ་མཁའ་རྒོལ་བྱས་པ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི90%ནི་བུད་མེད་དང་བྱིས་པ་རེད་ཟེར། གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ཨ་ཁི་སུའུ་སྨན་ཁང་དུ་རྨས་མས་བཀང་ཡོད་ལ། མི་མང་པོའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

གཞན་ཡང་ཕ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་མི་མེད་གནམ་གྲུས་ཉིན་དེའི་དགོང་མོར་ཡའོ་ཏན་མཚོའི་ནུབ་འགྲམ་གྲོང་ཁྱེར་ཅའེ་ཉིང་གི་རླངས་འཁོར་ཞིག་ལ་མཁའ་རྒོལ་བྱས་པ་དང་། མིག་སྔར་མི1རྐྱེན་ལམ་དུ་ཤོར་བ་དང་མི15ལ་རྨས་སྐྱོན་ཕོག་ཡོད་ཟེར། 

ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།  ན་ནིང་གི་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཅ་ཧྲ་ས་ཁུལ་གྱི་མི་ཁྲི་གཉིས་དང་སྟོང་དགུ་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་དང་སྟོང་དགུ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།