དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་ཕ་ལི་སི་ཐན་གྱི་དྲག་ཤུགས་མི་སྣ་བཅུ་ཙམ་བསད། 
2024.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས23ཉིན་དམག་འཁྲུག་གི་གནས་ཚུལ་བརྡ་ཁྱབ་བཏང་ནས་ཚེས22ཉིན་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ཧན་ཡིའུ་ཉི་སི་དང་བྱང་རྒྱུད་ཙའེ་ཐུང་སོགས་ས་ཁུལ་དུ་མུ་མཐུད་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་གྱི་དྲག་ཤུགས་མི་སྣ་བཅུ་ལྷག་ཙམ་བསད་ཡོད་ཟེར། 

བརྡ་ཁྱབ་ནང་ཧན་ཡིའུ་ཉི་སིའི་དམག་དོན་བྱ་སྤྱོད་ཁྲོད་དབྱི་སི་རལ་དམག་དཔུང་གིས་ཕ་ལེ་སི་ཐན་གྱི་དྲག་ཤུགས་མི་སྣ་བཅུ་ལྷག་ཙམ་བསད་པ་མ་ཟད། ད་དུང་ཕ་ཁི་སི་ཐན་གྱི་དྲག་ཤུགས་མི་སྣའི་མཚོན་ཆའི་མཛོད་ཁང་དང་དམག་འཐབ་ཁང་སོགས་དམག་དོན་སྒྲིག་བཀོད་ལ་གཏོར་བརླག་བཏང་བ་དང་། མེ་སྒྱོག་དང་མེ་ཤུགས་འཕུར་མདའ་གཞུང་བཞེས་བཏང་ཡོད། ཙའེ་ཐུང་ས་ཁུལ་གྱི་དམག་དོན་བྱ་སྤྱོད་ཁྲོད་དབྱི་སི་རལ་དམག་གིས་ལྐོག་མདེལ་དང་། རྒྱང་འཛིན་གནམ་གྲུ། དྲག་ཤུགས་ཐད་འཕུར་གནམ་གྲུ་སོགས་བརྒྱུད་ནས་ཕ་ཁི་སི་ཐན་གྱི་དྲག་ཤུགས་མི་སྣར་རྡུང་རྡེག་བཏང་སྟེ་མི་བཅུ་ལྷག་ཙམ་བསད་ཡོད། གཞན་ཡང་དབྱི་སི་རལ་དམག་དཔུང་གིས་ད་དུང་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དུ་ཕ་ཁི་སི་ཐན་གྱི་དྲག་ཤུགས་མི་སྣ་མང་པོ་བསད་ཡོད་ཟེར། 

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འདས་ཟིན་པའི་ཆུ་ཚོད24ཡི་ནང་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་དམག་དོན་འགུལ་སྐྱོད་སྤེལ་ནས་མི97རྐྱེན་ལམ་དུ་བཏང་བ་དང་མི132རྨས་ཡོད། ན་ནིང་གི་ཟླ10པའི་ཚེས7ཉིན་རེས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཅ་ཧྲ་ས་ཁུལ་གྱི་མི་ཁྲི་གཉིས་དང་སྟོང་དགུ་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་དང་སྟོང་དགུ་ལྷག་ལ་རྨས་ཕོག

ཤ་བོ་གསེར་མཚོས་བསྒྱུར།