དབྱི་སི་རལ་ཕ་རི་སིའི་རེས་སྐོར་གསར་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་འགོད་པའི་གྲོས་མོལ་ལ་ཞུགས་རྒྱུ་རེད།
2024.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

 དབྱི་སི་རལ་གྱི་དམག་འཁྲུག་སྐབས་ཀྱི་ནང་སྲིད་ཁང་གིས་ཚེས22ཉིན་གྱི་དགོང་མོར་ཚོགས་འདུ་བསྡུས་ཏེ་འཐུས་ཚབ་ཚོགས་པ་མངགས་ནས་ཚེས24ཉིན་ཕ་རེ་སིར་འཚོགས་པའི་རེས་སྐོར་གསར་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་གྲོས་མོལ་ལ་ཞུགས་རྒྱུ་གཏན་འཁེལ་བྱས་ཟེར།

དབྱི་སི་རལ་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས22ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། གནས་ཚུལ་དང་དམིགས་བསལ་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་པ་ཨར་ནེ་ཡ་ཡིས་དབྱི་སི་རལ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་རེས་སྐོར་གསར་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་གྲོས་མོལ་ལ་ཞུགས་རྒྱུ་དང་། གྲོས་མོལ་དེར་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་མོ་ཧན་མོ་ཏི་དང་ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པོ་ཨིན་སི་ཡིས་འགོ་འཛིན་བྱ་རྒྱུ་རེད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐི་ཡིས་ཚེས22ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་ལས་དོན་མཐུན་སྦྱོར་པ་པུའུ་ལེ་ཐི·མའེ་ཀེ་ཁི་ལ་ཐུག་འཕྲད་བྱས་རྗེས་བསྟན་དོན། དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མོལ་གྱི་འཐུས་མིར་དབང་ཆ་སྔར་ལས་ཆེ་བ་སྤྲད་ཡོད་ཟེར། འོན་ཀྱང་ཁོས་དེ་དང་ཆབས་ཅིག་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས“ས་ངོས་ཀྱི་བྱ་སྤྱོད་ཛ་དྲག་ཅན་མུ་མཐུད་དུ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད”ཅེས་བཤད། 

དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧ་མ་སིའི་རེས་སྐོར་དང་པོའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་འགོད་པའི་་གྲོས་མོལ་དེ་ཟླ1ཚེས28ཉིན་ཕ་རི་སིར་སྤེལ་བ་རེད། ཧ་མ་སི་དང་དབྱི་སི་རལ་གྱིས་ཐད་ཀར་དུ་གྲོས་མོལ་བྱ་རྒྱུ་ཁས་མ་བླངས་པར་བརྟེན་ཨེ་ཅིབ་དང་ཁ་ཐར་ཕྱོགས་ཀྱིས་སྔོན་ལ་ཧ་མ་སི་དང་འབྲེལ་གཏུག་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་འཐུས་མི་སླར་ཡང་ཕ་རེ་སིར་བསྐྱོད་དེ་དབྱི་སི་རལ་དང་གྲོས་མོལ་བྱས་པ་རེད། 

ཟླ2པའི་ཚེས13ཉིན་ཨེ་ཅིབ་དང་། ཨ་རི། ཁ་ཐར། དབྱི་སི་རལ་བཅས་ཀྱི་འཐུས་མིས་ཁེ་ལའོ་རུ་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་རྒྱུ་དང་། བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་གཏོང་རྒྱུའི་ཐད་སླར་ཡང་གྲོས་མོལ་བྱས་པ་རེད།  ཚེས14ཉིན་ཙུང་ལིའི་གཞུང་སྒྲུབ་ཁང་གིས་བསྟན་དོན། ཧ་མ་སི་ཡིས་བཟོད་སྒོམ་བྱས་ཚེ་གཞི་ནས་གྲོས་མོལ་ལ་འཕེལ་རྒྱས་ཡོང་ཐུབ་ཟེར།

ཤ་བོ་གསེར་མཚོས་བསྒྱུར།