ཝུའུ་ཁི་ལན་གྱི་ཉམས་ཉེན་ཚབས་ཇེ་ཆེར་སོང་ནས་ལོ་གཉིས་འཁོར་བའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས23ཉིན་ཝུའུ་ཁི་ལན་གྱི་གནད་དོན་ཐད་རིམ་པ་མཐོ་བའི་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། ཚོགས་ཞུགས་ཕྱོགས་སོ་སོས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་བཏང་།
ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚོགས་འདུའི་སྟེང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་བཅས་ཀྱི་རྨང་གཞིའི་ཐོག་ཞི་བདེ་དོན་གཉེར་བྱ་རྒྱུའི་འབོད་སྐུལ་བཏང་།
ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཚབས་ཇེ་ཆེ་རུ་འགྲོ་བའི་ཉེན་ཁ་ནི་དངོས་གནས་དྲང་གནས་རེད། ཝུའུ་ཁི་ལན་ཉམས་ཉེན་གྱིས་ས་བབ་ཆབ་སྲིད་ཐད་ཀྱི་མི་མཐུན་པའི་ཆ་ཇེ་ཟབ་ཏུ་བཏང་སྟེ་ས་ཁུལ་བརྟན་ལྷིང་མིན་པའི་སྣང་ཚུལ་ཚབས་ཆེར་བཏང་བ་དང་། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་ལས་འགན་གཞན་དག་ལ་ཁ་གཏད་འཇལ་བའི་བར་སྟོང་ཇེ་ཆུང་དུ་བཏང་ཡོད། ཝུའུ་ཁི་ལན་གྱི་ཉམས་ཉེན་གྱིས་ད་དུང་ཉིང་རྡུལ་དོན་རྐྱེན་བཟོ་སྲིད་པས་མི་རྣམས་ལ་སེམས་ཁྲལ་སྐྱེལ་ཡོང་། ཀུའུ་ཐི་ལེ་སི་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བའི་ཐབས་ལམ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་བྱ་རྒྱུ་དེ་ཡིན།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་དེར་ད་བར་ཡུན་རིང་ཅན་དང་། རྙོག་འཛིང་ཅན། རྒྱ་ཆེ་རུ་སོང་བ་བཅས་ཀྱི་རྣམ་པ་ཞིག་མངོན་ཡོད། འབྱུང་མི་འོས་པའི་སྐྱོ་གར་དེ་ད་ལྟའི་ཚད་ལ་སླེབས་ཡོད་པར་མི་རྣམས་ཀྱིས་སེམས་སྡུག་ཆེན་པོ་བྱེད་ཀྱིན་ཡོད་ལ། བསམ་གཞིག་གཏིང་ཟབ་བྱེད་འོས་པ་ཞིག་ཀྱང་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་དྲང་གཞག་ལུགས་མཐུན་གྱི་ཇུས་གཞི་ཧུར་ཐག་གིས་འཚོལ་བ་དང་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྔ་ཙམ་ནས་ཞི་བདེ་ཡོང་བར་བྱེད་དགོས།
སུའེ་ཙེར་དང་། མོ་ཙམ་པི་ཁེ། སི་ར་ལི་ཨོང་སོགས་རྒྱལ་ཁབ་ཀྱི་འཐུས་མིས་ཀྱང་ཆབ་སྲིད་ཀྱི་ཕྱི་འབྲེལ་བྱེད་ཐབས་བརྒྱུད་ནས་ཞི་བདེ་དོན་གཉེར་བྱ་རྒྱུའི་རེ་འབོད་བཏོན།
ཤ་བོ་གསེར་མཚོས་བསྒྱུར།