རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞའོ་ཀང་གིས་ཚེས23ཉིན་ཨ་མེ་རི་ཁས་ཐའེ་ཝན་ལ་མཚོན་ཆ་ཕྱིར་འཚོང་བྱེད་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། ཁོས་བསྟན་དོན། ང་ཚོས་ཨ་མེ་རི་ཁས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་མཚོན་ཆ་བཙོང་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞིང་ལངས་ཕྱོགས་དེ་ཧ་ཅང་བརྟན་པོ་ཡིན་ཟེར།
གསར་འགོད་པ་ཞིག་གིས་ཀྲང་ཞའོ་ཀང་ལ། བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉེ་ཆར་གསལ་བསྒྲགས་སྤེལ་ནས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཝན་ལ་རིན་ཐང་ཨ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་ཙམ་ཟིན་པའི་འཐབ་རྩལ་གཞི་གྲངས་ཀྱི་མ་ལག་བཙོང་རྒྱུའི་འཆར་གཞིར་ཆོག་མཆན་བཀོད་ཡོད་ཟེར། ཀྲུང་གོས་དེའི་ཐད་རྣམ་འགྱུར་ཅི་འདྲ་བཟུང་ཡོད་ཅེས་དྲིས་པ་ན།
ཀྲང་ཞའོ་ཀང་གིས་བསྟན་དོན། ང་ཚོས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་མཚོན་ཆ་བཙོང་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་ལ་ལངས་ཕྱོགས་དེ་ཧ་ཅང་བརྟན་པོ་ཡིན། དུས་མཚམས་ཤིག་གི་རིང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་འཛེམ་བག་མེད་པར་ཐག་གཅོད་བྱས་ནས་ཐའེ་ཝན་ལ་མཚོན་ཆ་ཕྱིར་འཚོང་དང་དམག་དོན་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས“ཐའེ་ཝན་རང་བཙན”གྱི་རྫིག་ཉམས་ཇེ་ཆེར་གཏོང་རྒྱུའི་རེ་ངན་བཅངས་པ་དང་། གོང་གསལ་གྱི་བྱ་སྤྱོད་དེས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་འབྲེལ་བར་གནོད་འཚེ་ཚབས་ཆེན་བཟོས་ཡོད་པར་མ་ཟད། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ཐའེ་ཝན་མཚོ་འགག་གི་ཛ་དྲག་གནས་བབ་ཚབས་ཇེ་ཆེར་བཏང་བ་རེད་ཟེར།
ཀྲང་ཞའོ་ཀང་གིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོང་དང་ཨ་རིའི་འབྲེལ་བའི་བརྒལ་མི་རུང་བའི་དམར་མཚམས་དང་པོ་དེ་ཡིན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐའེ་ཝན་ལ་མཚོན་ཆ་བཙོང་བ་ནི་ཉེན་ཁ་ཧ་ཅང་ཆེ་བའི་བྱ་སྤྱོད་ཅིག་རེད། ང་ཚོས་ཨ་མེ་རི་ཁ་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་བ་ཡིན། ལྷག་པར་དུ“བརྒྱད་གཅིག་བདུན་སྤྱི་བསྒྲགས”ཀྱི་གཏན་འབེབས་བརྩི་སྲུང་ནན་མོ་བྱས་ནས་ཐའེ་ཝན་ལ་མཚོན་ཆ་བཙོང་རྒྱུ་དང་ཨ་མེ་རི་ཁ་དང་ཐའེ་ཝན་བར་གྱི་དམག་དོན་འབྲེལ་འདྲིས་མཚམས་འཇོག་པ་དང་། བྱེད་ཐབས་གང་རུང་གི་ཐོག་ནས་ཐའེ་ཝན་ལ་མཚོན་ཆ་བཙོང་མཚམས་འཇོག་པ། “ཐའེ་ཝན་གྱིས་ཀྲུང་གོ་ལ་ཁ་ལོ་བསྒྱུར་བའི”འཁྲུག་རྐྱེན་སློང་བའི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུར་སྐུལ་མ་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་དམག་དཔུང་གི་འབྲེལ་བའི་ཁྱོན་ཡོངས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།