ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཀྲ་དབྱེ་ཐུང་ས་ཁུལ་གྱི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་ལམ་གྱི་མི་ཚོགས་ལ་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར།
གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་དང་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་ཀྲ་དབྱེ་ཐུང་ས་ཁུལ་དུ་འཁྲུག་རྩོད་བྱེད་བཞིན་ཡོད་པའི་དབང་གིས་རྒུད་སྐྱོབ་མི་སྣ་དག་ས་ཁུལ་དེར་བགྲོད་པར་དཀའ་ཁག་ཡོད་ཟེར།
ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་གནས་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། མིག་སྔར་ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་གྱ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་སོ་གཅིག་ལ་རྨས་ཕོག་ཟེར། ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་གཉིས་དང་སྟོང་དགུ་དྲུག་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་དང་སྟོང་དགུ་བརྒྱད་བརྒྱར་རྨས་ཕོག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།