ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་ཉེར་ལྔ་ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱིས་སྨྱུང་གནས་ཟླ་བར་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ན། འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་ཟེར།
ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ནུས་པ་ཡོད་ཚད་བཏོན་ནས་ཅཱ་ཧྲ་ས་ཁུལ་དུ་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱས་ནས་ཉེས་མེད་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལ། ཅོར་ཏན་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བསྟན་དོན། ཅོར་ཏན་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་ཁ་བྲལ་དུ་གཏོང་བའི་གཡོ་ཇུས་གང་རུང་དང་ལེན་བྱེད་མི་སྲིད་པ་དང་། ཨ་རབ་རྒྱལ་ཁབ་དག་གིས་མུ་མཐུད་དུ་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་དྲང་བདེན་གྱིས་ཕཱ་ལེ་སི་ཐན་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།
ཨ་པཱ་སི་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཕཱ་ལེ་སི་ཐན་དང་ཅོར་ཏན་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་མཐུན་སྦྱོར་དང་གྲོས་མོལ་ཟབ་མོ་བྱེད་དགོས་ཟེར། ཁོས་ཅོར་ཏན་གྱི་འགྱུར་བ་མེད་པའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས་པ་དང་། ཅཱ་ཧྲས་ཁུལ་གྱི་འཁྲུག་རྩོད་ངེས་པར་དུ་མཚམས་བཞག་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་དུ་ལེན་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།