ཨུ་རུ་སི་དཀར་པོས་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་སྤེལ།
2024.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨུ་རུ་སི་དཀར་པོའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་དེ་ཚེས་ཉེར་ལྔ་ཉིན་སྤེལ་བ་དང་། དེའི་སྔོན་ཨུ་རུ་སི་དཀར་པོའི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་སྔ་སྣུར་གྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་རེད།

ཨུ་རུ་སི་དཀར་པོའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལས་གྲོས་ཁང་ཞོལ་མའི་གྲོས་མི་བརྒྱ་དང་བཅུ་གདམ་རྒྱུ་ཡིན་པ་རེད། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཉིན་དེར་འདེམ་ཤོག་འཕེན་སར་སོང་ནས་འདེམ་ཤོག་འཕངས། ཨུ་རུ་སི་དཀར་པོའི་རྒྱལ་ཡོངས་སུ་བསྡོམས་པས་འདེམ་ཤོག་འཕེན་ས་སྟོང་ལྔ་དང་བཞི་བརྒྱ་བཅུ་གཅིག་བཀོད་སྒྲིག་བྱས་ཡོད་པ་དང་། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད་བརྒྱད་ནས་མགོ་བརྩམས་པ་ཡིན་ལ་དགོང་མོའི་དུས་ཚོད་བརྒྱད་སྟེང་མཇུག་སྒྲིལ་བ་རེད། ཨུ་རུ་སི་དཀར་པོར་བསྡོམས་པས་འདེམ་དམངས་ས་ཡ་བདུན་ཙམ་ཡོད་པ་དང་། དེའི་ནང་བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་བདུན་གྱི་འདེམ་དམངས་ཀྱིས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་སྔ་སྣུར་གྱིས་འདེམ་ཤོག་འཕངས་པ་རེད།

སྒེར་ཚུགས་མཉམ་འབྲེལ་ཚོགས་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ནས་ཡོང་བའི་རྒྱལ་སྤྱིའི་ལྟ་ཞིབ་པ་ཉིས་བརྒྱ་དང་གོ་བཞི་ཡིས་ཚེས་ཉེར་ལྔ་ཉིན་གྱི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ལྟ་ཞིབ་བྱས།

ཨུ་རུ་སི་དཀར་པོའི་རྒྱལ་དམངས་གྲོས་ཁང་དེ་གྲོས་ཁང་གོང་ཞོལ་གཉིས་ཀྱིས་གྲུབ་ཡོད་པ་དང་། སྐབས་རེའི་འགན་ཡུན་ལོ་ངོ་བཞི་རེད། ཨུ་རུ་སི་དཀར་པོར་སྲིད་འཛིན་ཏང་མེད་ལ། རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཏང་ཁག་ལྟར་མ་ཡིན་པར་འདེམ་ཁུལ་ལྟར་འདེམ་བསྐོའི་མི་གྲངས་བགོ་བཤའ་བྱེད་པ་དང་། ཨུ་རུ་སི་དཀར་པོའི་གྲོས་ཁང་ཁྲོད་གཏན་འཁེལ་གྱི་གྲོས་ཁང་ཏང་ཚོགས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།