ཁམ་ཕུ་ཀྲེའི་སྲིད་འཛིན་ཏང་མི་དམངས་ཏང་གི་མགྲིན་ཚབ་པས་ཚེས་ཉེར་ལྔ་ཉིན་བསྟན་དོན། མི་དམངས་ཏང་གིས་ཉིན་དེར་སྤེལ་བའི་ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་བླངས་པ་དང་། ཐོག་མའི་བསྡོམས་རྩིས་ལྟར་ན་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། མི་དམངས་ཏང་དང་ཧྥུན་ཞིན་པུས་ཁི་ཏང་། ཀའོ་མེན་འདུ་ཤེས་ཏང་། རྒྱལ་ཁབ་སྟོབས་ཤུགས་ཏང་བཅས་ཉིན་དེར་བསྡུས་པའི་སྐབས་ལྔ་བའི་གྲོས་ཞུགས་ཁང་གི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པ་རེད།
ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ལོ་དྲུག་གི་ནང་ཐེངས་རེ་སྤེལ་བཞིན་ཡོད་ཅིང་། སྐབས་འདིའི་ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་ལ་བསྡོམས་པས་ལས་གནས་རེ་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་ལས་གནས་ང་བརྒྱད་འདེམ་ཤོག་འཕངས་ནས་ཐོབ་དགོས་ལ། ལས་གནས་གཉིས་རྒྱལ་བོས་བསྐོ་འཇོག་བྱེད་པ་དང་། ལས་གནས་གཉིས་རྒྱལ་ཚོགས་ཀྱིས་བསྐོ་འཇོག་བྱེད་དགོས་པ་རེད།
ཁམ་ཕུ་ཀྲེའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་གསུམ་པའི་ཚེས་གཉིས་ཉིན་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཟླ་བཞི་བའི་ཚེས་གཉིས་ཉིན་ལས་གནས་བགོ་བཤའི་གནས་ཚུལ་དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།