ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་སོགས་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་མེད་པར་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2024.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། ནེ་ཀྲིར་དང་མཱ་ལི་སོགས་རྒྱལ་ཁབ་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་མེད་པར་གཏོང་རྒྱུ་ཡིན་ཟེར།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཀྲུའུ་ཞི་ཐུའུ་ལོས་ཀྱིས་ཚེས་ཉེར་བཞི་ཉིན་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་བསྡུས་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ་ཏེ། བཀག་སྡོམ་མེད་པར་གཏོང་བའི་ཆོད་དོན་དེ་མྱུར་མོར་ནུས་ལྡན་དུ་འགྱུར་ངེས་ཡིན་ཟེར།

ཐུའུ་ལོས་ཀྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་སྐམ་ས་དང་བར་སྣང་གི་རྒྱལ་མཚམས་བཀག་སྡོམ་དང་། ནེ་ཀྲིར་སྲིད་གཞུང་གི་ཁོངས་མི་དང་དེའི་ཁྱིམ་མིའི་གནས་སྐོར་བཀག་རྒྱ་བཅས་མེད་པར་བཏང་བ་དང་། དེ་མིན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དང་ནེ་ཀྲིར་བར་གྱི་ཚོང་ལས་དང་དངུལ་ལོར་ཉོ་ཚོང་གི་བཀག་སྡོམ་མཚམས་འཇོག་རྒྱུ་ཡིན། དེ་ལས་གཞན་ནེ་ཀྲིར་དུ་འགྲོ་འོང་བྱེད་པའི་ཚོང་དོན་གནམ་གྲུའི་གཏན་འགོག་ས་ཁུལ་མེད་པར་གཏོང་རྒྱུ་རེད།

དེ་ལས་གཞན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལིའི་སྤྱི་དམངས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ལས་འགན་ཁུར་བར་གཏན་འགོག་བྱས་པའི་སྐོར་གྱི་བཀག་སྡོམ་མེད་པར་གཏོང་རྒྱུ་མ་ཟད། ཀུའེ་ནེ་ཡཱའི་དཔལ་འབྱོར་བཀག་སྡོམ་མེད་པར་གཏོང་རྒྱུ་རེད།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་དང་པུའུ་ཁི་ནཱ་ཧྥ་སོ། མཱ་ལི་བཅས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ལས་ཕྱིར་འབུད་པའི་ཆོད་དོན་ལ་ཡང་བསྐྱར་བསམ་བློ་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། རྒྱལ་ཁབ་དེ་གསུམ་དང་ཀུའེ་ནེ་ཡཱ་བཅས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ལག་རྩལ་གྲོས་མོལ་ཚོགས་འདུར་ཞུགས་པར་གདན་ཞུ་བྱས།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལི་དང་ནེ་ཀྲིར། པུའུ་ཁི་ནཱ་ཧྥ་སོ་བཅས་ནས་དམག་དོན་སྲིད་འགྱུར་བྱུང་རྗེས་རྒྱལ་ཁབ་དེ་གསུམ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། པུའུ་ཁི་ནཱ་ཧྥ་སོ་དང་མཱ་ལི། ནེ་ཀྲི་བཅས་ཀྱིས་མཉམ་འབྲེལ་སྒོས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་ཏེ་བཀག་སྡོམ་བྱེད་ཐབས་ལ་རྒོལ་ལན་སྤྲད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།