ཁཱ་ནཱ་ཏཱ་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱིས་སོ་སོར་ཝུའུ་ཁི་ལན་བར་བདེ་འཇགས་མཉམ་ལས་གྲོས་མཐུན་བཀོད།
2024.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་བཞི་ཉིན་རྒྱལ་ས་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་དང་དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་གཉིས་དང་མཉམ་དུ་བདེ་འཇགས་མཉམ་ལས་གྲོས་མཐུན་བཀོད་དེ། གྲོས་མཐུན་དེའི་ནུས་ལྡན་ཡུན་ཚད་ལོ་ངོ་བཅུ་རེད། གྲོས་མཐུན་དེའི་ནུས་ལྡན་ཡུན་ཚད་ནང་། ཁཱ་ནཱ་ཏཱ་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱིས་ཝུའུ་ཁི་ལན་ལ་གནད་འགག་དང་དུས་ཡུན་རིང་བོའི་བདེ་འཇགས་ཁག་ཐེག་འདོན་སྤྲོད་བྱེད་རྒྱུ་མ་ཟད། དུས་ཡུན་རིང་བོའི་དམག་དོན་དང་ནོར་སྲིད་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ད་རུང་ཐི་ལུའུ་ཏའོ་དང་མཉམ་དུ་ཁཱ་ནཱ་ཏཱ་ཡིས་ཝུའུ་ཁི་ལན་ལ་འཕུར་མདའི་འགོག་སྲུང་མ་ལག་གསར་བ་འདོན་སྤྲོད་བྱེད་པ་དང་། ཁྲབ་ལྡན་འཁོར་ལོ་ཐོན་སྐྱེད་དང་བརྒྱུད་སྤྲོད་བྱེད་པ། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་དང་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་གནད་དོན་བཅས་ལ་གྲོས་བསྡུར་བྱས། ཙེ་ལེན་སི་ཅི་ཡིས་གྲོས་མོལ་བྱས་རྗེས་ཐི་ལུའུ་ཏའོ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཉིན་དེར་ཁོས་ད་རུང་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་པུས་ལི་ཧྲིའི་དབུ་བཞུགས་བློན་ཆེན་ཏི་ཁི་ལོ་དང་མཉམ་དུ་ཕྱོགས་གསུམ་གྱི་གྲོས་མོལ་བྱས་ཏེ་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པའི་སྒྲོམ་གཞི་སོགས་གནད་དོན་ལ་གྲོས་བསྡུར་བྱས།

དབྱི་ཐཱ་ལེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མཱེ་ལོ་ནེ་ཡིས་ཚེས་ཉེར་བཞི་ཉིན་ཅི་ཧྥུའུ་རུ་འཚམས་འདྲི་བྱས་ཏེ་ཙེ་ལེན་སི་ཅི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་ལ་རྒྱལ་སྲུང་མཉམ་ལས་དང་དམག་དོན་སྦྱོང་བརྡར། བདེ་འཇགས་འགོག་སྲུང་སྡེ་ཁག་གི་བཅོས་བསྒྱུར། དཔལ་འབྱོར་རོགས་སྐྱོར། ཝུའུ་ཁི་ལན་གྱི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ་སོགས་ནང་དོན་འདུས་ཡོད། ཅི་ཧྥུའུ་རུ་འཚམས་འདྲི་བྱེད་སྐབས། མཱེ་ལོ་ནེ་ཡིས་ད་རུང་བརྙན་རིས་ལམ་ནས་མགོ་འཛིན་བྱས་ཏེ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ད་ལོའི་གྲོས་ཚོགས་ཐོག་དང་པོ་བསྡུས།


བསོད་ནམས་ཚེ་རིང་གིས་བསྒྱུར།