མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་ལྔ་བ་ཚེས་ཉེར་དྲུག་ཉིན་རི་ནེ་ཝ་ནས་ཚོགས་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་། འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི། དེ་མིན་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་བཅས་ཀྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བ་དེ་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་བས། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས།
ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ནི་ཞི་བདེའི་རྨང་རྡོ་ཡིན་ཞིང་། ཞི་བདེའི་ཕྱོགས་སུ་འཐེན་པའི་བགྲོད་ལམ་དེ་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། ཆབ་སྲིད་ཁེ་དབང་སོགས་འགྲོ་མིའི་ཐོབ་ཐང་ཚང་མར་བརྩི་འཇོག་བྱེད་པ་ལས་བྱུང་བ་ཡིན་པ་དང་ཚད་གཞི་ཟུང་ལྡན་མེད་པར་གཏོང་དགོས། ཁོས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ད་ལོར་སྤེལ་རྒྱུ་ཡིན་པའི་མ་འོངས་པའི་མཐོ་རིམ་གྲོས་ཚོགས་དེ་གོ་སྐབས་སུ་བརྩིས་ནས། གཞི་རྩའི་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་མགོ་བརྩམས་ཏེ། རྣམ་པ་གང་རུང་གི་དྲག་ཤུགས་ལ་སྔོན་འགོག་དང་མཇུག་སྒྲིལ་དུ་འཇུག་དགོས་ཟེར། ཀུའུ་ཐི་ལོས་སི་ཡིས་ད་རུང་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།
ཐུའུ་ཨར་ཁི་ཡིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་ཁ་ཡིག་ལ་འགྲོ་མིའི་ཐོབ་ཐང་སྟེ་ཐག་གཅོད་ཇུས་གཞིའི་ཐབས་ལམ་ཞེས་པའི་གསལ་སྒྲོག་སྤེལ་ནས། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཏེ་ཞི་བདེ་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
ཧྥོ་ལིང་ཞི་སི་ཡིས་གཏམ་བཤད་སྤེལ་སྐབས་ས་ཁུལ་གྱི་འཁྲུག་རྩོད་དང་མི་ཆོས་ཉམས་ཉེན་རབ་དང་རིམ་པ་དཔེར་དྲངས་པ་དང་། ཕྱོགས་སོ་སོས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དེ་བློ་གཏད་རུང་བའི་གྲོས་མོལ་མཉམ་ལས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྟེགས་བུར་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་དམིགས་སུ་བཀར་ནས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱིས་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་སྒོ་འབྱེད་བྱས་ནས་མྱུར་མཁོའི་རོགས་སྐྱོར་དངོས་རྫས་འདོན་སྤྲོད་བྱེད་དགོས་ཟེར།
ཚོད་དཔག་བྱས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་ལྔ་བ་དེ་ཟླ་བཞི་བའི་ཚེས་ལྔ་ཉིན་མཇུག་སྒྲིལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།