ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དང་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར། དེ་ལས་གཞན་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ས་ཁུལ་མང་བོར་ཡང་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་འགས་གཏོར་ཐེབས་ནས། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་ཟེར།
ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རང་གི་ལས་བྱེད་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་ཐབས་མེད་པའི་དབང་གིས་ལས་ཁུངས་དེས་རྗེས་ཕྱོགས་ཀྱི་དུས་ཚོད་ཞེ་བརྒྱད་ནང་ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་ཀྱི་མཐུན་སྦྱོར་བྱ་བ་མཚམས་འཇོག་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་སྨན་བཅོས་མི་སྣར་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པའི་རེ་བ་འདོན་དགོས་པར་མ་ཟད། ཕཱ་ལེ་སི་ཐན་གྱི་མིར་བདེ་འཇགས་ཀྱི་མི་ཆོས་རིང་ལུགས་ཀྱི་བར་སྟོང་ཞིག་འདོན་སྤྲོད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།