པུའུ་ཁི་ནཱ་ཧྥ་སོ་ཡི་དབྱི་སི་ལན་མཉམ་འབྲེལ་ཚོགས་པས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་ཆེན་མོའི་ནཱ་ཅཱ་པའོ་ཨ་ནེ་གྲོང་ཁྱེར་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཚེས་ཉེར་ལྔ་ཉིན་འཇབ་རྒོལ་ཐེབས་ཏེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དེ་ལས་མིག་སྔར་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་གཉིས་སྨན་ཁང་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད་ཟེར།
དེའི་སྔོན་པུའུ་ཁི་ནཱ་ཧྥ་སོའི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སཱ་ཧི་ལེ་ས་ཁུལ་གྱི་ཨེ་སཱ་ཁཱ་ནེ་སྡེ་བའི་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་ཞིག་ལ་ཚེས་ཉེར་ལྔ་ཉིན་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་ལ། པུའུ་ཁི་ནཱ་ཧྥ་སོ་རུ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ལ། བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།