སྐབས་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཚོགས་མགོ་བརྩམས།
2024.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སྐབས་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཚེས་ཉེར་དྲུག་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་སོ་སོའི་འཐུས་མི་སྟོང་བཞི་ལྷག་ཚོགས་ཆེན་ལ་ཞུགས་ནས། མཉམ་དུ་ཕྱོགས་མང་རིང་ལུགས་ཀྱི་སྒྲོམ་གཞིའི་འོག་གི་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་གནད་དོན་ལ་གྲོས་བསྡུར་བྱས།

སྐབས་འདིའི་ཚོགས་ཆེན་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཟླ་གསུམ་པའི་ཚེས་གཅིག་ཉིན་བར་ཚོགས་རྒྱུ་ཡིན་པ་དང་། བརྗོད་སྙིང་ནི་ནུས་ལྡན་དང་དཀྱེལ་ཡངས། རྒྱུན་མཐུད་བཅས་ཀྱི་ཕྱོགས་མང་འགུལ་སྐྱོད་སྤེལ་ནས། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་ཅན་གྱི་ཉམས་དམས། སྦགས་བཙོག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་པ་དེ་རེད།

སྐབས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་པེ་ནཱ་ལེ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཁོར་ཡུག་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྨང་གཞི་ཡིན་ཞིང་། ཐེངས་འདིའི་ཚོགས་ཆེན་ནས་མཐུན་སྒྲིལ་དང་དཀྱེལ་ཡངས་ཀྱི་ཕྱོགས་མང་རིང་ལུགས་ཀྱི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། གཞི་གཅིག་ཅན་གྱི་རྣམ་པས་ནམ་ཟླའི་འགྱུར་ལྡོག་དང་། རང་བྱུང་དང་སྐྱེ་དངོས་སྣ་མང་ཅན་གྱི་ཉམས་དམས། སྦགས་བཙོག་བཅས་ཁོར་ཡུག་གི་ཉམས་ཉེན་ཆེན་པོ་གསུམ་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ནོའུ་ཧྲིང་གིས་བཤད་རྒྱུར། སྐབས་འདིའི་ཚོགས་ཆེན་གྱི་ཚོགས་ཞུགས་འཐུས་མིའི་ཁ་གྲངས་ལས་མི་རྣམས་ཀྱིས་ཁོར་ཡུག་གནད་དོན་མདུན་ནས་མཐུན་སྒྲིལ་བྱེད་པའི་སྟོབས་ཤུགས་མཚོན་ཡོད་ལ། སྐབས་འདིའི་ཚོགས་ཆེན་ནས་བཀོད་པའི་གྲོས་ཆོད་དག་ཕྱོགས་མང་རོགས་ལས་དང་འཛམ་གླིང་ཡོངས་ཀྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ནམ་ཟླའི་དྲང་བདེན་མངོན་འགྱུར་བྱས་ཏེ། མིའི་རིགས་དང་སའི་གོ་ལར་ཕན་པའི་ཡང་དག་གི་གདམ་གསེས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནེ་ལོ་པུས་དོན་གཅོད་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཀྲ་དབྱེ་ནཱ་པུའུ་ཡིས་བཤད་རྒྱུར། ཁོར་ཡུག་ཉམས་ཉེན་ཐག་གཅོད་བྱེད་པའི་ཐར་ལམ་ཉག་ཅིག་ནི་འགུལ་སྐྱོད་སྤེལ་བ་དེ་ཡིན་ཟེར། ཁོ་མོས་ཁོར་ཡུག་ཐད་ཀྱི་དོ་སྣང་དེ་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་འབྲེལ་ཡོད་ལ། ཐེངས་འདིའི་ཚོགས་ཆེན་ནས་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་དེ་ཁོར་ཡུག་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དར་ཆའི་འོག གནད་འགག་གི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཐུབ་པར་རེ་བཞིན་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཡུན་ཉིན་ལྔའི་ཚོགས་ཆེན་གྱི་གྲོས་རིམ་ཁྲོད། རྒྱལ་ཁབ་སོ་སོའི་པུའུ་ཀྲང་རིམ་པའི་དཔོན་རིགས་དང་། ཚོང་དོན་ལས་རིགས་ཀྱི་གཙོ་འཛིན། ཚན་རིག་པ། ཁོར་སྲུང་བྱ་འགུལ་གྱི་མི་སྣ་བཅས་འདུས་པའི་ཚོགས་ཞུགས་མཁན་གྱིས་གྲོས་ཆོད་མང་བོར་གྲོས་ཞིབ་བྱས་ཏེ། ཁོར་ཡུག་ཉམས་ཉེན་དང་ཉམས་ཉེན་ལས་བྱུང་བའི་དབུལ་ཕོངས་དང་། སྤྱི་ཚོགས་དབུལ་ཕྱུག་གི་བར་ཁྱད་རྒྱ་བསྐྱེད་པ་སོགས་བྱེ་བྲག་གི་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།