ཁོང་གོ་པུའུ་ཡི་པུའུ་ཀྲང་གིས་ཀྲུང་གོ་ནི་ངེས་པ་དོན་གྱི་གྲོགས་པོ་བཟང་བོ་ཡིན་པའི་ཚུལ་བསྟན།
2024.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཁོང་གོ་པུའུ་ཡི་སྤྱི་ཚོགས་ལས་དོན་དང་། མཐུན་སྒྲིལ། མི་ཆོས་རིང་ལུགས་འགུལ་སྐྱོད་བཅས་ཀྱི་པུའུ་ཀྲང་ཅིན་པཱ་ཞཱ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། ཁོང་གོ་པུའུ་ཡི་མི་དམངས་ལ་དཀའ་ཁག་བྱུང་ཚེ། ཀྲུང་གོ་ཕྱོགས་ཀྱིས་ནམ་རྒྱུན་དུས་ཐོག་ཏུ་རོགས་སྐྱོར་བྱེད་པ་ཡིན་པས། ཀྲུང་གོ་ནི་ཁོང་གོ་པུའུ་ཡི་ངེས་པ་དོན་གྱི་གྲོགས་པོ་བཟང་བོ་ཡིན་ཟེར།

ཁོང་གོ་པུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉེར་བདུན་ཉིན་ཁོང་གོ་པུའུ་ཡི་རྒྱལ་ས་པུའུ་ལཱ་ཁྲེ་ཝེ་ཨར་ནས་ཁོང་གོ་པུའུ་ཡི་སྤྱི་ཚོགས་ལས་དོན་པུའུ་ལ་ཆུ་ལོག་གི་གནོད་འཚེའི་རོགས་སྐྱོར་མ་དངུལ་ཞལ་འདེབས་སུ་ཕུལ། ཅིན་པཱ་ཞཱ་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་ཁོང་གོ་པུའུ་ཡི་ཙུང་ཐུང་སཱ་སུའུ་དང་ཁོང་གོ་པུའུ་ཡི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོར་བཀའ་དྲིན་ཞུ་བཞིན་པ་བརྒྱུད་སྒྲོག་བྱས། ཅིན་པཱ་ཞཱ་ཡིས་བསྟན་དོན། ཁོང་གོ་པུའུ་དང་ཀྲུང་གོའི་བར་མཛའ་བརྩེ་ཟབ་མོ་ཡོད་ཅིང་། ཉེན་ཁ་དང་དཀའ་ཁག་ལ་འཕྲད་དུས་ཀྲུང་གོ་ཕྱོགས་ཀྱིས་ནམ་རྒྱུན་དུས་ལྟར་རོགས་སྐྱོར་བྱས་པ་དང་། ཁོང་གོ་པུའུ་ཡིས་བཀའ་དྲིན་དེ་སེམས་ལ་བཟུང་ཡོད། ད་ལོ་ནི་ཁོང་གོ་པུའུ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱི་དགེ་བའི་བྱ་སྤྱོད་དེ་ནི་ཁོང་གོ་པུའུ་དང་ཀྲུང་གོའི་ཕུལ་དུ་བྱུང་བའི་འབྲེལ་བའི་སྣང་ཚུལ་གསོན་ཉམས་ལྡན་པ་ཞིག་ཡིན་པ་དང་། ཤུགས་ཆེན་པོས་ཁོང་གོ་པུའུ་ཡི་གནོད་སེལ་བྱ་བ་དང་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁོང་གོ་པུའུ་སྲིད་གཞུང་གིས་གྲོགས་པོ་ཀྲུང་གོའི་ཐུགས་ཁུར་དང་དྲོད་ཁོལ་དེ་གནོད་ཐེབས་མང་ཚོགས་རེ་རེའི་ལག་ཏུ་སྤྲད་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་དར་སྤེལ་གཏོང་རྒྱུ་ཡིན་ཟེར།

ཁོང་གོ་པུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཡན་གྱིས་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ཁོང་གོ་པུའུ་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར། ཀྲུང་གོ་ཕྱོགས་ཀྱིས་ཁོང་གོ་པུའུ་ལ་རྒུད་སྐྱོབ་མ་དངུལ་སྐོར་ཞིག་ཞལ་འདེབས་སུ་ཕུལ་ནས། གནོད་ཐེབས་མང་ཚོགས་དག་གིས་དཀའ་སྡུག་ཁྱད་བསལ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རོགས་རམ་བྱས་པ་ཡིན། དེ་ནི་ཀྲུང་གོ་དང་ཁོང་གོ་པུའུ་ཡི་སྲོལ་རྒྱུན་གྱི་སྤུན་ཟླའི་བརྩེ་བའི་བདེན་དཔང་ངོ་མ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བསམ་སྤྱོད་ཡིན། ཀྲུང་གོའི་སྲིད་གཞུང་གིས་ཁོང་གོ་པུའུ་ཕྱོགས་དང་ལག་རྡང་སྦྲེལ་ནས་སྤྱི་ཚོགས་དང་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཕན་བདེ་བསྐྲུན་འདོད་ཡོད་ཟེར།

ཁོང་གོ་པུའུ་སྲིད་གཞུང་གི་མགྲིན་ཚབ་པ་མིན་ཅཱ་ལཱ་ཡིས་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་བཤད་རྒྱུར། འདས་པའི་གཟའ་འཁོར་འགའི་ནང་བསྟུད་མར་དྲག་ཆར་བབས་པ་ལས་བྱུང་བའི་ཆུ་ལོག་གི་གནོད་འཚེ་ལས་རྒྱལ་ཁབ་དེའི་ས་ཁུལ་མང་བོ་ནས་ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གསུམ་དང་ཁྲི་གསུམ་སྟོང་དྲུག་ལྷག་ལ་གནོད་འཚེ་ཐེབས་ཡོད། ཁང་བ་མང་བོ་ཆུས་ཁུར་བ་དང་ཞིང་ས་ཆེན་མོ་ཆུ་ལོག་གིས་བསྣུབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།