ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཚེས་ཉེར་བདུན་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་བསྡུས། གྲོས་ཚོགས་ལ་ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་མཱ་ཨར་དབྱེ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་མྱུར་མོར་དངོས་འབེབས་བྱེད་པ་དང་། མཉམ་དུ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།
ཝང་ཝུན་ཐའོ་ཡིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུས་ཀྱི་སྐབས་བཅུ་གསུམ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་གྲ་སྒྲིག་གང་ལེགས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཧུར་ཐག་སྒོས་ཀྲུང་གོའི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་འགུལ་སྐྱོད་སྣ་བརྒྱད་ལ་སྦྲེལ་མཐུད་གང་ལེགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ། ཉོ་ཚོང་ཆུ་ཚད་མཐོར་འདེགས་དང་དངུལ་གཏོང་གི་གནད་ས་སྔོག་འདོན། གསར་གཏོད་གསོན་ཤུགས་སྐུལ་སྤེལ་བྱས་ཐོག ཕྱོགས་ཡོངས་ཀྱི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་བསྐྲུན་བྱེད་འདོད་ཡོད་ཟེར།
མཱ་ཨར་དབྱེ་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྐབས་བཅུ་གསུམ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་གཙོ་སྒྲུབ་བྱེད་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འདོན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་དུ་འཇུག་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།
ཚོགས་འདུའི་རྗེས་སུ་ཕྱོགས་གཉིས་ཀྱིས་གྲོས་ཚོགས་ཀྱི་ནང་དོན་གནད་བསྡུས་དང་གཞི་གྲངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་དངུལ་གཏོང་མཉམ་ལས་ཡིག་ཆ་བཀོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཡེ་མེན་དང་། ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།