ཨུ་རུ་སི་ཡིས་མའོ་སི་ཁོ་དམག་ཁུལ་དང་ལེ་ཉིན་ཀི་ལེ་དམག་ཁུལ་ཡང་བསྐྱར་བཀོད་སྒྲིག་བྱས།
2024.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་བཀའ་རྒྱ་བཀོད་དེ། མའོ་སི་ཁོ་དམག་ཁུལ་དང་ལེ་ཉིན་ཀི་ལེ་དམག་ཁུལ་ཡང་བསྐྱར་བཀོད་སྒྲིག་བྱེད་པར་ཆོག་མཆན་བཀོད། བཅའ་ཁྲིམས་བཀའ་རྒྱ་དེ་ཟླ་གསུམ་པའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་སྲིད། སྐབས་ཐོག་དེར་མའོ་སི་ཁོ་དམག་ཁུལ་དང་ལེ་ཉིན་ཀི་ལེ་དམག་ཁུལ་གཉིས་ཀྱིས་ད་ཡོད་ཀྱི་ནུབ་ཕྱོགས་དམག་ཁུལ་གྱི་ཚབ་བྱེད་རྒྱུ་རེད།

ཨུ་རུ་སིའི་བཅའ་ཁྲིམས་བརྡ་འཕྲིན་དྲ་བས་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་ལས་མངོན་པ་ལྟར་ན། མའོ་སི་ཁོ་དམག་ཁུལ་ལ་མའོ་སི་ཁོ་གྲོང་ཁྱེར་དང་། མའོ་སི་ཁོ་མངའ་སྡེ། པེ་ཨར་ཀི་ལོ་ཏི་མངའ་སྡེ། པུའུ་ལིང་སི་ཁི་མངའ་སྡེ། ཁུའུ་ཨར་སི་ཁི་མངའ་སྡེ། བོ་ལོ་ནེ་རི་མངའ་སྡེ། ལེ་ཕའེ་ཚི་ཁི་མངའ་སྡེ། ཐུའུ་ལཱ་མངའ་སྡེ། སི་མའོ་ལིན་སི་ཁི་མངའ་སྡེ་སོགས་ས་ཁུལ་འདུས་པ་དང་། ལེ་ཉིན་ཀི་ལེ་དམག་ཁུལ་དུ་ཧྲིན་པིས་ཏི་པའོ་གྲོང་ཁྱེར་དང་། ལེ་ཉིན་ཀི་ལེ་མངའ་སྡེ། ཅཱ་ལི་ཉིན་ཀི་ལེ་མངའ་སྡེ། ནོའུ་ཧྥུའུ་ཀི་ལོ་ཏི་མངའ་སྡེ། ཕུའུ་སི་ཁི་ཧྥུའུ་མངའ་སྡེ་སོགས་ས་ཁུལ་འདུས། མིག་སྔར་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་དམག་དོན་དོ་དམ་ཁྱབ་ཁོངས་སུ་གཏོགས་པའི་མའོ་ཨར་མན་སི་ཁི་མངའ་སྡེ་དང་ནེ་ནེ་ཚི་རང་སྐྱོང་ས་ཁུལ་སོགས་ལེ་ཉིན་ཀི་ལེ་དམག་ཁུལ་མངའ་ཁོངས་སུ་བཞག་ཡོད།

ཉིས་སྟོང་བཅུ་ལོར། ཨུ་རུ་སི་ཡིས་མའོ་སི་ཁོ་དམག་ཁུལ་དང་ལེ་ཉིན་ཀི་ལེ་དམག་ཁུལ་མེད་པར་བཏང་བ་དང་། དེའི་རྨང་གཞིའི་སྟེང་ནུབ་ཕྱོགས་དམག་ཁུལ་བཙུགས་པ་རེད། ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚོགས་འདུ་ཞིག་གི་སྟེང་ཐོག་དང་པོར་མའོ་སི་ཁོ་དམག་ཁུལ་དང་ལེ་ཉིན་ཀི་ལེ་དམག་ཁུལ་སླར་གསོ་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་པ་ཐོག་མར་ཁྱབ་བསྒྲགས་བྱས། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པར་ཕུའུ་ཅིན་གྱིས་བསྟན་དོན། ཧྥུན་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་དབང་གིས་ཨུ་རུ་སི་ཡིས་ལེ་ཉིན་ཀི་ལེ་དམག་ཁུལ་བསྐྱར་འཛུགས་བྱས་ཏེ་དམག་ཁུལ་དེའི་དམག་ཤུགས་གཅིག་བསྡུས་མི་བྱེད་ཐབས་མེད་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།