དབྱི་སི་རལ་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་གྱི་ས་གནས་འདེམ་བསྐོའི་བྱ་འགུལ་ཐོག་མ་སྤེལ།
2024.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་སི་རལ་གྱིས་ཚེས་ཉེར་བདུན་ཉིན་ས་གནས་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་འདེམ་དམངས་ས་ཡ་བདུན་གྱིས་འདེམ་ཤོག་འཕངས་ནས་མཁར་གྲོང་ཉིས་བརྒྱ་ལྷག་གི་སྲིད་འཛིན་འགན་ཁུར་བ་དང་གྲོང་སྲིད་དང་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གདམ་རྒྱུ་རེད།

དབྱི་སི་རལ་གྱི་ས་ཁུལ་སོ་སོའི་འདེམ་ཤོག་འཕེན་ས་དེ་ཚེས་ཉེར་བདུན་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་སྒོ་འབྱེད་བྱས་པ་དང་། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་དགོང་མོའི་དུས་ཚོད་བཅུའི་བར་སྤེལ་བ་ཡིན་ལ། འདེམ་བསྐོའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་བྱེད་རྒྱུ་རེད། ཐེངས་འདིའི་ས་གནས་འདེམ་བསྐོ་ལ་བསྡོམས་པས་འདེམ་སྒུག་པ་ཁྲི་གཉིས་དང་སྟོང་ལྔ་ཞུགས་ཡོད།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་འདེམ་ཤོག་འཕེན་སར་བསྡོམས་པས་དམག་མི་ཁྲི་གཅིག་དང་སྟོང་དགུ་བཀོད་སྒྲིག་བྱས་ཡོད། དེ་ལས་གཞན་དབྱི་སི་རལ་དམག་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་བཅས་སུ་འདེམ་ཤོག་འཕེན་ས་ལྔ་བརྒྱ་དང་བདུན་ཅུ་བཀོད་སྒྲིག་བྱས་ནས། དམག་མི་དང་རྗེས་གྲབས་དམག་མིར་འདེམ་ཤོག་འཕེན་དུ་བཅུག་ཡོད་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་པའི་དབང་གིས་དབྱི་སི་རལ་གྱིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དང་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་དག་ཕྱིར་རང་ཁྱིམ་དུ་ལོག་ཐབས་མེད་པས། ད་ལོའི་ཟླ་བཅུ་གཅིག་པར་འདེམ་ཤོག་འཕེན་རྒྱུ་རེད།

ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ་དབྱི་སི་རལ་གྱིས་ཐོག་དང་པོར་སྤེལ་བའི་ས་གནས་འདེམ་བསྐོའི་བྱ་འགུལ་ཡིན་ཞིང་། ན་ནིང་ཟླ་བཅུ་བར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་དབང་གིས་ས་གནས་འདེམ་བསྐོའི་བྱ་འགུལ་དེ་བསྟུད་མར་ཐེངས་གཉིས་ལ་རྗེས་སུ་སྣུར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།