དབྱི་སི་རལ་གྱིས་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པའི་ཚུལ་བསྟན།
2024.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་ཉིན་དེའི་ཞོགས་པར་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་སོ་ལྔ་ཙམ་གྱི་འཇབ་རྒོལ་ཐེབས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ས་ཁུལ་མང་བོའི་དམག་དོན་རྟེན་གཞི་དང་དམག་དོན་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་བཏང་ནས་གཏོར་བཤིག་བཏང་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་སྤེལ་བའི་འཐབ་འཁྲུག་གནས་ཚུལ་ལས་བཤད་རྒྱུར། མེ་ཤུགས་འཕུར་མདའ་དེ་དག་གིས་དབྱི་སི་རལ་བྱང་ཕྱོགས་ཀྱི་མཱེ་ལུང་རི་བོའི་ས་ཁུལ་དུ་འཇབ་རྒོལ་བྱས་པ་དང་། མི་སྣར་ཤི་རྨས་བཟོས་མེད་ཟེར།

ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་ལམ་སྟོན་གློག་སྒྲོན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལས་བདེན་དཔང་བྱས་དོན། ཀྲིན་ཀྲུའུ་ཏང་གིས་ཚེས་ཉེར་བདུན་ཉིན་མཱེ་ལུང་རི་བོའི་ས་ཁུལ་གྱི་དབྱི་སི་རལ་གྱི་བར་སྣང་འགྲིམ་འགྲུལ་ཚོད་འཛིན་རྟེན་གཞིར་མེ་ཤུགས་འཕུར་མདའ་མང་བོ་གཏོང་འཕེན་བྱས་ཡོད་ཟེར།

གཞན་ཡང་དབྱི་སི་རལ་དམག་དཔུང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་ཧན་ཡུག་ནེ་སི་དང་ཅཱ་ཧྲ་མཁར་གྱི་ཙེ་ཐུང་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་མང་བོ་བསད་ཡོད་ལ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་དམིགས་འབེན་མང་བོར་ཆམ་ཕབ་བཏང་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་བདུན་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་གོ་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།