མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་བཟོ་ཚོང་ཚོགས་ཁག་གཙོ་བོའི་སྙན་ཞུ་ལས་རྒྱུན་མཐུད་འཕེལ་རྒྱས་དར་སྤེལ་གཏོང་རྒྱུའི་གྲོས་མགོ་བཏོན་ཡོད།
2024.02.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་བཟོ་ཚོང་ཚོགས་ཁག་གཙོ་བོས་ཚེས་ཉེར་བདུན་ཉིན་སྐབས་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྟེང་སྙན་ཞུ་སྤེལ་ཏེ། ལྷད་མེད་སྤོར་བསྒྱུར་དཔེ་གཞི་དྲངས་ནས་བཟོ་ཚོང་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་མགོ་བཏོན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་བཟོ་ཚོང་ཚོགས་ཁག་གཙོ་བོའི་སྙན་ཞུ་དེ་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བཟོ་ཚོང་ལས་རིགས་ཀྱི་ལྷད་མེད་སྤོར་བསྒྱུར་དཔེ་གཞི་སོ་ལྔར་འབྲེལ་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་བཟོ་ཚོང་ཚོགས་ཁག་གཙོ་བོའི་མཉམ་འབྲེལ་ཀྲུའུ་ཞི། རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཛམ་གླིང་ཁེ་ལས་ལས་འཛིན་ལྷན་ཚོགས་ཀྱི་ལག་བསྟར་ཙུང་ཚེ་གཞོན་པ་བོ་ལོས་ཀྱིས་མཚམས་སྦྱོར་བྱས་དོན། སྙན་ཞུ་དེར་ས་གནས་ཀྱི་དཔེ་གཞི་དང་འཛམགླིང་ཡོངས་ཀྱི་དཔེ་གཞི། ཁེ་ལས་ཆུང་འབྲིང་གི་དཔེ་གཞི་བཅས་འདུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་བཏོན་པའི་གྲོས་གཞི་གཙོ་བོ་སྟེ། ནམ་ཟླའི་འགྱུར་ལྡོག་དང་རང་བྱུང་དང་སྐྱེ་དངོས་སྣ་མང་ཅན་གྱི་ཉམས་དམས། སྦགས་བཙོག ཆུད་ཟོས་སུ་གཏོང་བའི་གནད་དོན་སོགས་ལ་དམིགས་སུ་བཀར་ནས་དོ་སྣང་བྱས་ཡོད་ཟེར།

བོ་ལོས་ཀྱིས་བཤད་རྒྱུར། སྙན་ཞུ་དེ་སྤེལ་བའི་དོན་སྙིང་ནི་ཁེ་ཕན་འབྲེལ་ཡོད་ཕྱོགས་ཁག་དང་ཚོགས་ཁག་གཞན་པས་འཕེལ་རྒྱས་ཁ་ཕྱོགས་མཚོན་རྒྱུ་མ་ཟད། འཛམ་གླིང་ཡོངས་ཀྱི་བཟོ་ཚོང་ཚོགས་ཁག་གིས་མཉམ་དུ་ལྷད་མེད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གྲོས་མགོ་བཏོན་ཡོད། གལ་ཏེ་ང་ཚོས་ཉིས་སྟོང་སུམ་ཅུ་ལོའི་བར་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་རེ་ན། དཔེ་གཞི་དེ་དག་ཐག་གཅོད་ཇུས་གཞིའི་ཁག་ཅིག་ཏུ་བྱས་ཆོག གཞན་ཡང་གལ་ཏེ་ང་ཚོས་ཁོར་ཡུག་སྲིད་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔེ་གཞི་དེ་རིགས་མང་དུ་འབྱུང་བར་སྐུལ་མ་བཏང་ན། དཀྱེལ་ཡངས་ཆེ་བའི་སྒོ་ནས་ལས་ཞུགས་དང་ཡོང་འབབ་གསར་བསྐྲུན་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།