ཐཱ་སི་གསར་འགྱུར་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་སྒེར་ཚུགས་ཀྱི་དངུལ་ལོར་མ་ལག་འཛུགས་པའི་གྲོས་གཞི་འདོན་རྒྱུ་རེད།
ཨུ་རུ་སིའི་ནོར་སྲིད་པུའུ་ཀྲང་ཞི་ལུའུ་ཨན་ནོའུ་ཧྥུའུ་ཡིས་པཱ་ཞིའི་ཧྲིན་པའོ་ལོ་ནས་བསྡུས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་ནོར་སྲིད་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་སྐབས་སུ་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སི་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་བར་ཆད་མི་ཐེབས་པའི་སྒེར་ཚུགས་ཀྱི་དངུལ་ལོར་མ་ལག་ཅིག་བཙུགས་ནས། ཚོང་ལས་ཀྱི་ཉོ་ཚོང་ལ་འགན་སྲུང་བྱེད་རྒྱུའི་གྲོས་གཞི་འདོན་རྒྱུ་ཡིན་ཟེར།
ཞི་ལུའུ་ཨན་ནོའུ་ཧྥུའུ་ཡིས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་རྒྱུན་ལྡན་ངང་འཕེལ་རྒྱས་སུ་གཏོང་ཆེད། ང་ཚོས་རང་ཉིད་ཀྱི་ཆབ་སྲིད་དང་ཁ་ཁར་ཕྱེས་པའི་དངུལ་ལོར་མ་ལག་ཅིག་བཙུགས་ནས་ང་ཚོ་རྒྱལ་ཁབ་བར་གྱི་ཉོ་ཚོང་འབྲེལ་བར་འགན་སྲུང་བྱེད་པར་བསམ་བློ་གཏོང་དགོས་ཟེར།
ཞི་ལུའུ་ཨན་ནོའུ་ཧྥུའུ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་བར་གྱི་ཉོ་ཚོང་འཕར་བཞིན་ཡོད་པ་དང་། ཉོ་ཚོང་འཁོར་སྐྱོད་དུ་གཏོང་ཆེད། རྩིས་སྤྲོད་མ་ལག་བཟང་བོ་ཞིག་མཁོ་གལ་ཆེ་ཟེར། ཁོས་བཤད་རྒྱུར། ང་ཚོས་དེ་རིང་སྒེར་ཚུགས་ཀྱི་རྩིས་སྤྲོད་མ་ལག་དེ་འདྲ་ཞིག་འཛུགས་པའི་གྲོས་གཞི་འདོན་རྒྱུ་ཡིན་པ་དང་། མ་ལག་དེས་སྒྲིག་སྲོལ་གསར་བ་རྨང་གཞིར་བྱས་ཡོད་ལ། སྒྲིག་སྲོལ་དེ་དག་གིས་རྒྱལ་ཁབ་སོ་སོར་བདེ་སྣང་སྟེར་ཐུབ་པ་དང་། རྩིས་སྤྲོད་ཀྱི་མ་རྩ་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད་གསལ་བོ་ཞིབ་ཚགས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།