ཧན་གོའི་དམངས་ཁྲོད་ཚོགས་ཁག་གིས་འདུ་ཚོགས་བསྡུས་ནས་ཧན་གོ་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས།
2024.02.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཧན་གོའི་དམངས་ཁྲོད་ཚོགས་ཁག་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འགུལ་སྐྱོད་ཅེས་པས་ཚེས་ཉེར་བརྒྱད་ཉིན་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་སུ་འདུ་ཚོགས་བསྡུས་ཏེ། ཧན་གོ་དང་ཨ་མེ་རི་ཁས་ཟླ་གསུམ་པའི་ནང་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་རྩིས་མེད་དུ་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཕྱོགས་སོ་སོས་ཕྱེད་གླིང་གི་གྲོས་མོལ་སླར་གསོ་བྱེད་པའི་ཐབས་ལམ་ཐད་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་།

འདུ་ཚོགས་ལ་ཞུགས་པའི་ཧན་གོའི་གྲོང་ཁྱེར་སྡོད་དམངས་ཀྱིས་ང་ཚོས་ཞི་བདེ་ལ་རེ་སྨོན་བྱེད་བཞིན་ཡོད་ཅེས་པའི་འཕྲེད་བྱང་བཟུང་ཞིང་། འཐབ་འཁྲུག་འབྱུང་བར་བྱེད་པའི་དམག་དོན་བྱ་སྤྱོད་མཚམས་བཞག་སྟེ་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་དག་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་པའི་ཁ་གཡང་མཐོན་པོར་བསྒྲགས། འདུ་ཚོགས་ལ་ཞུགས་མཁན་གྱིས་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལས་ཁྲའོ་ཞན་ཕྱེད་གླིང་གི་དམག་དོན་དང་ཆབ་སྲིད་ཀྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་བཏང་ཡོད་པས། མྱུར་མོར་འབྲེལ་ཡོད་ཀྱི་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་ཟེར། ཁོ་ཚོས་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་དམག་དོན་མནའ་མཐུན་ལ་སྐུལ་འདེད་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། ཞི་བདེའི་གྲོས་མོལ་བྱས་ན་ད་གཟོད་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ཐབས་ལམ་ཡིན་པའི་ཚུལ་བསྟན།

ཉིན་དེའི་སྔ་དྲོར། ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཟླ་གསུམ་པའི་ཚེས་བཞི་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་ཚབ་མིང་ལ་རང་དབང་གི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་ཏེ། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་འཐབ་འཁྲུག་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།