ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་གྱི་ས་གནས་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་སོ་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་ས་དང་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་སའི་སྡོད་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་པ་དང་། མིག་སྔར་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཁཱ་མེད་ལེ་ཨ་ཏི་ཝན་སྨན་ཁང་གིས་ཉིན་དེར་ལས་གཉེར་བྱེད་མཚམས་བཞག་པ་དང་། ས་དེའི་སྡོད་དམངས་ལ་སྨན་བཅོས་ཞབས་ཞུ་ཐོབ་ཐབས་མེད་ཟེར། དེ་ལས་གཞན་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་ཉུང་མཐར་ཡང་བྱིས་པ་དྲུག་འཚོ་བཅུད་མ་འདང་བར་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།