ཕུའུ་ཅིན་གྱིས་མ་འོངས་པའི་ལོ་ངོ་དྲུག་གི་ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་དམིགས་འབེན་བཏོན།
2024.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་མའོ་སི་ཁོ་ནས་གྲོས་ཁང་གོང་ཞོལ་གཉིས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱས་ཏེ། མ་འོངས་པའི་ལོ་ངོ་དྲུག་གི་ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་རབ་དང་རིམ་པ་བཏོན།

ཕུའུ་ཅིན་གྱིས་བཤད་རྒྱུར། ཉིས་སྟོང་སུམ་ཅུ་ལོའི་བར། ཨུ་རུ་སིའི་མཐོ་གསར་ལག་རྩལ་ཐོན་རྫས་དང་ཞབས་ཞུའི་རྒྱལ་ཁབ་རང་གི་ཚོང་རའི་ཟིན་ཚད་བརྒྱ་ཆའི་ལྔ་བཅུ་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། མ་བཅོས་རྒྱུ་ཆ་དང་ནུས་ཁུངས་མ་ཡིན་པའི་ཐོན་རྫས་ཀྱི་ཕྱི་གཏོང་ཉུང་མཐར་ཡང་སུམ་ཆའི་གཉིས་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཉིས་སྟོང་སུམ་ཅུ་ལོའི་བར། ཨུ་རུ་སིའི་ནང་འདྲེན་གྱི་རྒྱལ་ནང་སྤྱིའི་ཐོན་རིན་ཁྲོད་ཀྱི་བསྡུར་ཚད་བརྒྱ་ཆའི་བཅུ་བདུན་ཇེ་དམའ་རུ་གཏོང་རྒྱུ་ཡིན་ལ། ཁྱབ་ཁོངས་གཙོ་བོའི་དངུལ་གཏོང་བརྒྱ་ཆའི་བདུན་ཅུ་ཇེ་མང་དུ་བཏང་སྟེ། ཉུང་མཐར་ཡང་ཚན་རྩལ་ར་བ་བརྒྱ་གསར་འཛུགས་བྱེད་རྒྱུ་མ་ཟད། མིའི་བཟོས་རིག་ནུས་ཁྱབ་ཁོངས་སུ་རང་ཁ་རང་གསོ་བྱེད་པ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་སྤྱི་དམངས་ཀྱི་བདེ་ཐང་དང་འབྲུ་རིགས་བདེ་འཇགས་སོགས་ལ་འབྲེལ་བའི་ཁྱབ་ཁོངས་སུ་གནད་འགག་གི་ལག་རྩལ་ཁོང་དུ་ཆུད་ཡོད་པར་མ་ཟད། དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱབ་ཁོངས་ཏེ་འཁོར་སྟེགས་དང་འཕྲུལ་མི། སྐྱེལ་འདྲེན། མི་བསྡད་མེད་པའི་ཁ་ལོ་བསྒྱུར་ཐབས། མཁའ་འགྲུལ། རྒྱ་མཚོ། གཞི་གྲངས་དཔལ་འབྱོར། རྒྱུ་ཆ་གསར་བ། རྫས་འགྱུར་སོགས་སུ་རང་བདག་ལག་རྩལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།