བྷང་ག་ལཱའི་འཕྲོད་བསྟེན་དང་ཁྱིམ་ཚང་ཕན་བདེའི་པུའུ་ཀྲང་སཱ་མན་ཐཱ་ལཱ་ཨར་སིན་གྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་བཤད་དོན། རྒྱལ་ཁབ་དེའི་རྒྱལ་ས་ཏཱ་ཁཱའི་ཐོག་ཁང་ཞིག་ལ་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
སཱ་མན་ཐཱ་ལཱ་ཨར་སིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གཞན་ཡང་མི་ཉེར་གཉིས་ཀྱི་གནས་ཚུལ་ཉེན་ཁ་ཆེ་བ་དང་། སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར།
བྷང་ག་ལཱའི་མེ་གསོད་ཅུའུ་དང་དམངས་སྲུང་ཅུའུ་ཡི་དཔོན་རིགས་ཨན་ཝ་ཨར་དབྱེ་སི་ལན་གྱིས་གསར་འགོད་པར་བཤད་རྒྱུར། མི་དོན་ལྔ་ཙམ་མེ་སྐྱོན་བྱུང་བའི་བརྩེགས་རིམ་བདུན་ཅན་གྱི་ཐོག་ཁང་ལས་བསྐྱབས་པ་དང་། དེའི་ནང་མི་བཅུ་ཕྲག་འགའ་དབང་བོ་ཤོར་ཡོད་པས། སྨན་ཁང་དུ་བསྐྱལ་ཡོད་ཟེར།
ཨན་ཝ་ཨར་དབྱེ་སི་ལན་གྱིས་བཤད་རྒྱུར། མེ་གསོད་ཅུའུ་དང་དམངས་སྲུང་ཅུའུ་ལ་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་ཡས་མས་སུ་མེ་སྐྱོན་ཉེན་བརྡ་འབྱོང་རྗེས་མྱུར་མོར་མེ་གསོད་མི་སྣ་མངག་གཏོང་བྱས་པ་དང་། ཉུང་མཐར་ཡང་མེ་གསོད་རུ་ཁག་བཅུ་གཉིས་ཡུལ་དངོས་སུ་འབྱོར་ཡོད། དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ་མེ་བསད་པ་དང་། མིག་སྔར་རྒུད་སྐྱོབ་མི་སྣས་སྔར་བཞིན་ཡུལ་དངོས་སུ་རྗེས་མཐུད་ཀྱི་བྱ་བ་བསྒྲུབ་བཞིན་ཡོད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མེ་སྐྱོན་ནི་ཐོག་ཁང་དེའི་ཁེར་ཐོག་གི་ཟ་ཁང་ནས་བྱུང་རྗེས། མྱུར་མོར་ཐོག་ཁང་ཧྲིལ་བོར་མཆེད་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།