ཨེ་ཅིབ་ཀྱི་ཙུང་ཐུང་གིས་ཅཱ་ཧྲ་ནས་མྱུར་མོར་རྒྱུན་མཐུད་ཐུབ་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་འདེད་བཏང་།
2024.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་རྒྱུན་མཐུད་ཐུབ་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས། འཐབ་འཁྲུག་གི་སྡུག་ལ་སྦྱར་བའི་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་དགོས་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་དགུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སེ་ཞི་ཡིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཅཱ་ཧྲའི་གནས་བབ་གཏན་འཇགས་ཡོང་བར་བྱེད་པ་དང་། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ། བཀག་འཇུག་ཐེབས་པའི་མི་སྣ་བརྗེ་སྤོར་བྱེད་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་ལ་གྲོས་བསྡུར་བྱས་པར་མ་ཟད། ས་ཁུལ་གྱི་འཁྲུག་རྩོད་དེ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པ་ནན་གྱིས་བསྟན།

སེ་ཞི་ཡིས་ཁ་པར་གཏོང་སྐབས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་དམག་དོན་གནས་ཚུལ་ཛ་དྲག་ཏུ་འགྱུར་བ་དང་མི་སེར་དཀྱུས་མ་འཇབ་རྒོལ་དམིགས་འབེན་དུ་བྱེད་པའི་ཉེན་ཁ་སྔར་བཞིན་གནས་ཡོད་ལ། ཨེ་ཅིབ་ཀྱིས་མི་སེར་དཀྱུས་མ་འཇབ་རྒོལ་དམིགས་ཡུལ་དུ་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གསུམ་དང་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་ལྷག་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།