མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་ཆེད་དོན་པས་ཅཱ་ཧྲའི་འཁྲུག་རྩོད་ངེས་པར་དུ་མཇུག་སྒྲིལ་དགོས་པའི་ཚུལ་བསྟན།
2024.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་དམར་གསོད་བྱེད་བཞིན་ཡོད་ལ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དེ་ངེས་པར་དུ་མཇུག་སྒྲིལ་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ང་ལྔ་བའི་གྲོས་ཚོགས་ཀྱིས་ཉིན་དེར་བཙན་བཟུང་ཐེབས་པའི་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་སྐོར་གྱི་གྲོས་ཚོགས་བསྡུས། ཐུའུ་ཨར་ཁི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ན་ནིང་ཟླ་བཅུ་བའི་ཟླ་མགོར་སྐོར་ཐེངས་དང་པོའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཅཱ་ཧྲ་ས་ཁུལ་ནས་མི་འབུམ་གཅིག་ལྷག་ལ་ཤི་རྨས་ཐེབས་ཡོད་པ་དང་། དེའི་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི་གསུམ་ལས་བརྒལ་ཡོད། ད་རུང་མི་ཁྲི་ཕྲག་འགའ་གར་སོང་རྙེད་མེད་ལ། ཚོད་དཔག་བྱས་པ་ལྟར་ན་མི་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་པ་རེད། དེ་ལས་གཞན་ཉུང་མཐར་ཡང་བྱིས་པ་ཁྲི་གཅིག་དང་སྟོང་བདུན་དྭ་ཕྲུག་ཏུ་གྱུར་བའམ་ཡང་ན་ཁྱིམ་མི་དང་ཁ་ཐོར་དུ་སོང་ཡོད་ལ། བྱིས་པ་སྔར་ལས་མང་བོས་ཚེ་གང་བོར་ལུས་ཕུང་དང་སེམས་ཁམས་ཀྱི་རྨས་སྐྱོན་མྱོང་དགོས་ཡོད་ཟེར།

ཐུའུ་ཨར་ཁི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་ས་ངོས་དཔུང་འཇུག་བྱས་པ་ལས་མི་སྣ་མང་བོར་ཤི་རྨས་བཟོ་སྲིད་པ་དང་། མི་སྔར་ལས་མང་བོ་ཡུལ་འཁྱམས་བྱེད་དུ་འཇུག་སྲིད་པར་མ་ཟད། ནུས་ལྡན་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གང་རུང་བྱེད་པའི་རེ་བ་ཤུལ་མེད་དུ་གཏོང་སྲིད་པའི་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།