མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་ལེན་པར་སྒུག་པའི་ཕཱ་ལེ་སི་ཐན་གྱི་མང་ཚོགས་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཕཱ་ལེ་སི་ཐན་གྱི་མང་ཚོགས་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་། རེ་ཆད་ཀྱི་ཅཱ་ཧྲའི་སྡོད་དམངས་དང་གཞན་གྱིས་བཀག་པའི་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་ལ་རོགས་སྐྱོར་མཁོ་གལ་ཧ་ཅང་ཆེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟའ་འཁོར་གཅིག་ལྷག་གི་རིང་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་རྒུད་སྐྱོབ་བྱ་འགུལ་སྤེལ་ཐུབ་མེད་ཟེར།
གསལ་སྒྲོག་ལས་ད་རུང་བསྟན་དོན། ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་ལྷག་ལ་རྨས་ཕོག་ཡོད་པར་ཧ་ལས་ཡོད། ཀུའུ་ཐི་ལོས་སི་ཡིས་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་བསྐྱར་བཏང་བ་དང་། ཁོས་མྱུར་མོར་བྱེད་ཐབས་སྤྱད་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཅཱ་ཧྲའི་ས་ཁོངས་ཧྲིལ་བོར་སྐྱེལ་ཐུབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་རྒུད་སྐྱོབ་དངོས་རྫས་ལེན་ས་ཞིག་ཏུ་ཉིན་དེའི་ཞོགས་པར་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། མིག་སྔར་ཉུང་མཐར་ཡང་མི་བརྒྱ་དང་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་བརྒྱ་དང་དྲུག་ཅུར་རྨས་ཕོག་ཡོད་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། རོགས་སྐྱོར་དངོས་སྐྱེལ་རླངས་འཁོར་ཞོགས་པར་ཅཱ་ཧྲ་ས་ཁུལ་དུ་ཡོང་བའི་སྐབས་སུ། ཅཱ་ཧྲའི་མང་ཚོགས་དག་དངོས་སྐྱེལ་རླངས་འཁོར་གྱི་ཉེ་འཁོར་སུ་གཅིག་འདུས་བྱས་པ་དང་། མི་ལ་ལས་འཇིགས་སྐུལ་གྱི་རྣམ་པས་དབྱི་སི་རལ་གྱི་དམག་མིའི་ཉེ་སར་བཅར་བས་དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདའ་བཀོལ་ནས་རྒོལ་ལན་སྤྲད་པ་ཡིན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ནི་ཉིན་དེར་ཅཱ་ཧྲ་མཁར་དུ་རྒུད་སྐྱོབ་བྱེད་མཁན་མིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིག་སྔར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་མི་ཆོས་རྒུད་སྐྱོབ་བྱ་འགུལ་སྤེལ་མེད་ཟེར། ཁོས་བཤད་རྒྱུར། དོན་རྐྱེན་དེར་རྟོག་ཞིབ་བྱས་ནས་རྩད་གཅོད་གསལ་བོ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།